༧གོང་ས་མཆོག་རྡོར་གདན་དུ་མ་ཕེབས་སྔོན་འབྲས་ལྗོངས་དང་ས་ལུ་སྒར་དུ་ཆིབས་བསྒྱུར་གནང་རྒྱུ་རེད་འདུག
དེ་སྔོན་འབྲས་ལྗོངས་གཞུང་གིས་ཇི་ལྟར་གསོལ་བ་བཏབ་དོན་བཞིན་༧གོང་ས་མཆོག་ཕྱི་ཟླ་༡༠ བའི་ཚེས་༡༡ དང་༡༢ ནས་འབྲས་ལྗོངས་དང་ས་ལུ་སྒར་བཅས་ལ་ཆིབས་བསྒྱུར་དང་ཆོས་འབྲེལ་བསྩལ་རྒྱུ་ཡིན་རུང་། བར་ལམ་འབྲས་ལྗོངས་དང་ཀ་རྡོར་བཅས་སུ་ཆུ་ལོགས་ཀྱི་དཀའ་ངལ་འཕྲད་པས་༧གོང་ས་མཆོག་གི་མཛད་འཆར་ངེས་མེད་དུ་ཕྱིར་འཐེན་གནང་དགོས་བྱུང་ཡོད་པ་རེད། འོན་ཀྱང་ཕྱི་ལོ་༢༠༢༣ ཟླ་བ་ ༡༢ ཚེས་ ༡༢ ཀྱི་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འབྲས་ལྗོངས་སྒང་ཏོག་དཔལ་འབྱོར་རྩེད་ཐང་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་བསྩལ་གཏན་ཁེལ་བ་དང་། དེར་ཆོས་འབྲེལ་གྲུབ་མཚམས་མགོན་པོ་གང་ཉིད་ནུབ་བྷང་གལ་ས་ལུ་སྒར་དུ་རྟེན་གཞི་བྱས་པའི་སྲད་རྒྱུད་གྲྭ་ཚང་དུ་ཆིབས་བསྒྱུར་གྱིས་ཕྱི་ཟླ་༡༢ ཚེས་༡༤ སྔ་དྲོར་སེམས་བསྐྱེད་ཀྱི་ཆོས་འབྲེལ་བསྩལ་རྒྱུ་བཅས་རེད་འདུག ཕྱི་ཟླ་༡༢ ཚེས་༢༩ ནས་༣༡ བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་དང་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་བསྩལ་རྒྱུ་བཅས་ཡིན་ཞིང་། ཕྱི་ལོ་༢༠༢༤ ཟླ་༡ ཚེས་ ༡ ཉིན་མགོན་པོ་གང་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་རེད་འདུག གསུང་ཆོས་དག་ཐད་གཏོང་ལམ་ནས་ཞུ་འདོད་ན་གཤམ་གྱི་དྲྭ་ཐག་བརྒྱུད་ནས་ཞུ་ཐུབ་ཀྱི་ཡོད་འདུག
