༧གོང་ས་མཆོག་ལ་འགན་མ་ཁུར་བ་རེད།
ཆེད་བརྗོད།
ད་ལྟའི་ཆར་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཁག་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐུར་འདེབས་བྱེད་མཁན་གང་མང་ཞིག་ཡོད་པ་དེ་ལ་བརྟེན་ནས་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ཀྱང་བོད་དོན་རྒྱབ་སྐྱོར་ཕྱིར་འཐེན་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག ༧གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་རྒྱ་གར་གྱི་བུ་ཆུང་ཞིག་ལ་བྱམས་པོ་གནང་བའི་བརྙན་ཐུང་ཞིག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁྱབ་པ་དེ་ནི། བོད་པ་ཞིག་ལ་མཚོན་ན་བུ་ཆུང་དེ་བསོད་བདེ་བསོད་ནམས་ཆེན་པོ་ཡིན་པའི་ལྟ་ཚུལ་འབའ་ཞིག་ལས། ཆགས་སྲེད་དང་འབྲེལ་བ་ཡོད་པའི་གོ་བ་གཏན་ནས་ལེན་མི་སྲིད་ཀྱང་། ཆགས་སྲེད་ཀྱིས་མྱོས་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་ཡོད་ཚད་ཆགས་སྲེད་དང་འབྲེལ་བ་ཡོད་པ་འབའ་ཞིག་ཏུ་མཐོང་བས། ད་ལན་གྱི་གནད་དོན་འདི་ཡང་ལྟ་སྟངས་མི་འདྲ་བ་ལ་བརྟེན་ནས་མཐོང་ཚུལ་མི་འདྲ་ཞིག་བྱུང་བ་དེ་ཡང་དངོས་ཡོད་རེད། གཞན་ཡང་རྒྱ་དམར་གཞུང་གི་ཆབ་སྲིད་དང་ཆོས་ལུགས་གཞན་གྱི་ཤུགས་རྐྱེན་ཡང་ཡོད་ངེས་རེད་འདུག
ཐོག་མ་བརྙན་དེ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བླངས་པ་དང་། ཨ་རིའི་བོད་སྐད་རླུང་འཕྲིན་ནས་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་པས། རྒྱུ་མ་ཕུ་འདེད་ཀྱིས་བསམ་བློ་བཏང་ན་གནད་དོན་འདི་ཡང་སྣང་མེད་དུ་གཏོང་འོས་པ་ཞིག་མ་རེད། ལྷག་པར་དུ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ཀྱིས་༧གོང་ས་མཆོག་གི་མཚན་ཐོག་ནས་དགོངས་སེལ་ཞུས་པའི་གནས་ཚུལ་ལ་བརྟེན་འཛམ་གླིང་ཤར་ནུབ་ཀུན་ཏུ་མེ་འབར་པའི་སྒང་ལ་སྣུམ་བཤོས་པ་ལྟ་བུར་གྱུར་སོང་། ད་དུང་ནིའུ་ཡོག་དུས་བབ་ནང་གསར་འགྱུར་དེ་མ་སྤེལ་གོང་། དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་དྲུང་ཆེ་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལ་འབྲེལ་བ་བྱས་ཀྱང་ཡ་ལན་གནང་མ་སོང་ཞེས་བཀོད་འདུག དགོངས་སེལ་ཞུས་ནས་གནད་དོན་དེ་ཆེ་རུ་སོང་བའི་རྗེས་སུ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་རིག་གནས་ཀྱི་རྒྱབ་ལྗོངས་དང་། ཡུལ་སྲོལ་གོམས་གཤིས་མི་འདྲ་བ། སྐབས་དེ་དུས་ཀྱི་ཁོར་ཡུག་སོགས་གཞི་ལ་བཞག་ནས་འགྲེལ་བཤད་ཡག་པོ་ཞིག་བརྒྱབ་ཡོད་ན་བཟང་ཕྱོགས་ནས་ཤུགས་རྐྱེན་ཐེབས་ངེས་རེད།
དང་པོ་དགོངས་དག་ཅིག་ཞུས་བཞག་ན་གནད་དོན་དེ་ཞི་འཇམ་དུ་འགྲོ་སྲིད་པའི་ཚོད་དཔག་བྱས་པ་ཡིན་སྲིད་ཀྱང་། དགོངས་དག་ཞུས་ནས་གནད་དོན་དེ་ཕྱོགས་ཡོངས་ནས་ཆེ་རུ་གྱུར་རྗེས་བརྒྱུད་ལམ་ཁག་ཏུ་གསལ་བཤད་ལན་འདེབས་དགོས་པ་དེ་བཟློག་ཏུ་མེད་པའི་འགན་འཁྲི་ཞིག་ཏུ་གྱུར་ཡོད། ཆོས་ཕྱོགས་ནས་བཤད་ན་འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་རྣམ་པའི་མགྲིན་ཚབ་པས་བླ་ཆེན་དེ་དག་གི་མཚན་གནས་སྲུང་སྐྱོབ་དང་། གནད་དོན་གསལ་བཤད་དགོས་རིགས་བྱེད་བཞིན་ཡོད་པ་དང་། ཆབ་སྲིད་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པའི་མགྲིན་ཚབ་པའི་འགན་ཁུར་ནི། དབུ་ཁྲིད་གང་ཞིག་གིས་ནོར་འཁྲུལ་ཞིག་བྱས་ཡོད་པའི་དབང་དུ་བཏང་ཡང་། གསལ་བཤད་ལ་བརྟེན་ནས་གནད་དོན་དེ་སེལ་ཐབས་བྱ་རྒྱུ་ནི་བཟློག་ཏུ་མེད་པའི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད་པས། ༧གོང་ས་མཆོག་ལ་ལོ་རྒྱུས་ནང་སྐུར་འདེབས་ཆེ་ཤོས་བྱེད་བཞིན་པའི་སྐབས་འདིར་གསལ་བཤད་དང་ལན་འདེབས་བྱེད་དགོས་པ་ལས། གཡོལ་ཐབས་བྱས་པ་ནི་༧གོང་ས་མཆོག་ལ་འགན་མ་ཁུར་བ་ཞིག་ཏུ་གྱུར་ཡོད།
ད་ལན་གྱི་དོན་རྐྱེན་འདི་ནི་༧གོང་ས་མཆོག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་དང་བོང་བ་མཉམ་པའི་ངེས་དོན་གྱི་རྣལ་འབྱོར་པ་ཞིག་ལ་མཚོན་ན་ཁྱད་པར་སྤུ་རྩེ་ཙམ་མེད་ཀྱང་། རྒྱལ་སྤྱིའི་སྟེང་ནང་པ་སངས་རྒྱས་པའི་དར་འཕེལ་དང་། བོད་དོན་འཐབ་རྩོད་ཀྱི་གནས་བབས་ལ་གནོད་སྐྱོན་ཧ་ཅང་ཆེན་པོར་གྱུར་སོང་བ་ནི། ཕྱོགས་གཅིག་ནས་བོད་སྤྱི་མཐུན་གྱི་བསོད་ནམས་ཉམས་བཞིན་པའི་རྟགས་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་འབྲེལ་ཡོད་འགན་ཁུར་བས་འགན་ཚུལ་བཞིན་མ་ཁུར་བའི་རྒྱུ་མཚན་ལ་བརྟེན་ནས་བྱུང་ཡོད། ད་ལྟའི་ཆར་དགའ་ལྡན་ཕོ་བྲང་པའི་དྲུང་ཆེ་རྣམ་པས་དབུས་འབྲེལ་ཡོད་ཚང་མས་བོད་པ་ནང་ཁུལ་དུ་དངོས་ཤུགས་བརྒྱུད་གསུམ་ནས་འཐེན་འཁྱེར་དང་། གཡས་རིང་གཡོན་ཐུང་གི་རྣམ་པ་མངོན་གསལ་དུ་འགྲོ་བཞིན་པ་མ་ཟད། ༧གོང་ས་མཆོག་ཀྱང་བེད་སྤྱོད་ཀྱི་ལག་ཆ་ལྟ་བུར་བརྩི་མཁན་གྱི་མི་སྣ་ཡང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མང་དུ་འགྲོ་བཞིན་པ་ལས། ༧གོང་ས་མཆོག་གི་མཚན་སྙན་སྲུང་སྐྱོབ་ཀྱི་ཆེད་དུ་འགན་ཁུར་མཁན་ག་ཚོད་ཙམ་ཡོད་དམ།
མདོར་ན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཉེ་བའི་ཟླ་ཤས་ནས་བཟུང་ཕྱི་ནང་གི་མི་སྣ་མང་པོར་༧གོང་ས་མཆོག་ལ་མཇལ་ཁ་གཏོང་རྒྱུ་སྔོན་མ་ལས་ཧ་ཅང་མང་དུ་བཏང་ཡོད་པ་དེ་ནི། ༧གོང་ས་མཆོག་གི་དགུང་ན་དང་སྐུ་གཟུགས་ཀྱི་གནས་བབས་ཐོག་ནས་སྐུ་ངལ་ཡོད་པ་དང་། མི་འདྲ་མིན་སྣ་ཚོགས་མཇལ་ཁར་བཏང་ན་ད་ལྟའི་གནས་ཚུལ་འདི་ལྟ་བུའང་ལྷགས་རྒྱུའི་ཉེན་ཁ་མང་བ་ཡོད་པས། མ་འོངས་པར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་རིགས། བོད་ཀྱི་བསྟན་པ་ཆབ་སྲིད་བཅས་ལ་དགོངས་པ་བཞེས་ནས། ༧གོང་ས་མཆོག་གི་སྐུ་ཁམས་གསལ་ཐང་ཡོང་བ་དང་། མཚན་སྙན་སྲུང་སྐྱོབ་ཡོང་ཐབས་སུ་དོན་མེད་ཀྱི་མི་སྣ་འདྲ་མིན་མཇལ་ཁ་གཏོང་རྒྱུ་མཚམས་འཇོག་གནང་རན་འདུག གནད་དོན་འདི་ལྟ་བུ་བྱུང་ཟིན་པའི་སྐབས་སུ་འབྲེལ་ཡོད་ལེ་ཐོགས་སུ་ཡིན་ངོས་བཟུང་ཐེར་འདོན་གྱིས་ཉེས་ཆད་གཏོང་དགོས་པ་ལས། ཕྱོགས་གཏོགས་དང་དགའ་ཉེ་ཕྱོགས་ལྷོང་ལ་བརྟེན་ནས་དོན་ཆེན་ཆུད་ཟོས་སུ་གཏོང་མི་རུང་བ་འདི་ཧ་ཅང་གལ་ཆེན་པོར་གྱུར་ཡོད།།