༧གོང་ས་མཆོག་ཤྲི་ལངྒར་གདན་འདྲེན་ཞུ་རྒྱུར་རྒྱ་གཞུང་གིས་ཤྲི་ལངྒའི་གཞུང་ལ་གནོན་ཤུགས་སྤྲད་ཡོད་འདུག
ང་ཚོས་༧གོང་ས་མཆོག་ལ་བརྩི་བཀུར་དང་ཁོང་ཉིད་ཤྲི་ལངྒ་ལ་གདན་འདྲེན་ཞུས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཤྲི་ལངྒའི་གཞུང་ལ་གནོན་ཤུགས་སྤྲད་པ་རེད། ང་ཚོ་རྒྱ་ནག་གི་བྱེད་སྟངས་དེ་ལ་དགའ་པོ་མེད། གལ་སྲིད་མ་འོངས་པ་ཁོང་ཉིད་ཤྲི་ལངྒའི་ཡུལ་དུ་བྱོན་ཐུབ་ན་ང་ཚོ་དགའ་པོ་ཡོང་ས་རེད་ཅེས་གསུངས་ཡོད་འདུག

ཟླ་འདིའི་ཚེས་༤ ་ཉིན་ཤྲི་ལངྒའི་(Raja Guru Shri Subuti Mahavihara) ་དགོན་པའི་དབུ་བླ་ (Waskaduwe Mahindawansa) ་མཆོག་ཤྲི་ལངྒ་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཕེབས་ཏེ་༧གོང་ས་མཆོག་ལ་ཐུགས་དམ་གྱི་རྟེན་དུ་སངས་རྒྱས་ཀྱི་རིང་བསྲེལ་འབུལ་ལམ་ཞུས་ཡོད་པ་དང་བསྟུན། ཟླ་འདིའི་ཚེས་༥ ཉིན་རྒྱ་གར་གྱི་(WION) ་ཞེས་པའི་གསར་ཁང་གིས་ཁོང་ལ་བཅར་འདྲི་ཞིག་བྱེད་སྐབས། གསར་འགོད་པས་༧གོང་ས་མཆོག་ལ་སངས་རྒྱས་ཀྱི་རིང་བསྲེལ་ཕུལ་བ་དེ་ཡིས་རྒྱ་ནག་ལ་ཁོང་ཁྲོ་སློང་གི་མ་རེད་དམ་ཞེས་འདྲི་སྐབས། ཁོང་གིས་༧གོང་ས་མཆོག་ནི་ནང་པའི་དབུ་ཁྲིད་ཅིག་ཡིན་པར་བརྟེན། ང་ཚོས་ཁོང་ལ་གུས་བརྩི་ཞུ་ཡི་ཡོད། ང་ཚོས་ཁོང་ཉིད་ཤྲི་ལངྷ་ལ་གདན་འདྲེན་ཞུས་ཡོད་ཀྱང་། རྒྱ་ནག་གཞུང་གིས་མི་དགའ་བྱས་ནས་ཤྲི་ལངྒའི་གཞུང་ལ་གནོན་ཤུགས་སྤྲད་པ་རེད། ང་ཚོ་རྒྱ་ནག་གི་བྱེད་སྟངས་དེ་ལ་དགའ་པོ་མེད་ཅེས་དང་། ༧གོང་ས་མཆོག་ནི་ནང་པའི་དབུ་ཁྲིད་ཅིག་རེད་ལ། ཁོང་ལ་རང་དབང་ཡོད་རེད། ང་ཚོ་ལ་ཡང་ཁོང་ཉིད་གདན་འདྲེན་ཞུ་རྒྱུའི་རང་དབང་ཡོད་རེད། གལ་སྲིད་མ་འོངས་པར་ཁོང་ཉིད་ཤྲི་ལངྒ་ལ་བྱོན་ཐུབ་ན། ང་ཚོ་དགའ་པོ་ཡོང་ས་རེད་ཅེས་གསུངས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།