༧གོང་ས་མཆོག་སྐུ་གཟུགས་བརྟག་དཔྱད་ཆེད་ཨ་རིར་ཆིབས་བསྒྱུར།
ཟླ་འདིའི་ཚེས་༡༩ ཉིན་གྱི་སྔ་དྲ་༧གོང་ས་མཆོག་བཞུགས་སྒར་དྷ་ས་ནས་ཨ་རིར་ཆིབས་བསྒྱུར་གནང་ཡོད་པ་དང་། ཐེངས་འདིར་སྐུ་གཟུགས་བརྟག་དཔྱད་དང་། ཚན་རིག་གི་ཚོགས་འདུ་ཞིག་ལ་ཕེབས་འཆར་ཡོད་པ་རེད།
གནམ་ཐང་དུ་རྒྱ་གར་གསར་འགོད་པས་༧གོང་ས་མཆོག་ལ། ཁྱེད་སྐུ་གཟུགས་བདེ་པོ་ཡིན་ནམ། གང་དུ་ཕེབས་རྒྱུ་ཡིན་ཞེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་ཁོང་གི་ཞལ་ལ་བལྟས་ན་སྐྱོན་མི་འདུག་ཨ་ཅེས་སྤྱན་ཤར་མར་ཕུད་དེ། སྤྱན་ལ་མཛུབ་མོ་བཙུགས་ནས། ཉིན་ཤས་སྔོན་འདི་ལ་དཀའ་ངལ་ཅུང་འདུག སྐྱོན་ཆེན་པོ་མི་འདུག་ཅེས་དང་། “ད་བར་ལོ་༩ ཙམ་ལ་མཱེ་ཡོར་སྨན་ཁང་དུ་བརྟག་དཔྱད་བྱས་པ་ཡིན། ཐེངས་འདིར་ཐོག་མར་གཟུགས་པོ་ཆ་ཚང་བརྟག་དཔྱད་བྱེད་རྒྱུ་དང་། གལ་སྲིད་དཀའ་ངལ་རིགས་ཡོད་ཚེ་སྨན་བཅོས་བྱེད་རྒྱུ་ཡིན། ཟླ་༣ པའི་བདུན་ཕྲག་གཉིས་པའི་ནང་ཕྱིར་ལོག་ཡོང་གི་ཡིན། དེ་བཞིན་ངོས་ནས་ལོ་ངོ་༣༠ ལྷག་ཙམ་ཚན་རིག་པ་དང་འབྲེལ་བ་བྱས་ཡོད་པས། ཐེངས་འདིར་ཝི་སེ་ཁོན་སེན་གཙུག་ལག་སློབ་གཉེར་ཁང་དུ་ཚན་རིག་གི་ཚོགས་འདུ་ཞིག་ཡོད་པས། དེ་ལ་ཡང་འགྲོ་རྒྱུ་ཡིན་”ཞེས་བཀའ་ལན་གནང་ཡོད་པ་རེད།
ཐེངས་འདིར་ཨ་རིར་ཕེབས་པ་དང་། ཕྱི་ཟླ་༣ པའི་ཟླ་དཀྱིལ་ཙམ་བར་དུ་བཞུགས་འཆར་ཡོད་པོ་དང་། བོད་མི་ཚོས་༧གོང་ས་མཆོག་སྐུ་གཟུགས་བདེ་ཐང་ཡིན་མིན་ལ་སེམས་འཚབ་བྱེད་ཀྱི་ཡོད་པ་རེད།།
བརྙན་འཕྲིན།