༧གོང་ས་མཆོག་སྐུ་སྒེར་གྱི་ཊུ་ཝི་ཊར་དྲ་རྒྱ་ཐོག་མ་བཟོ་མཁན།

དེང་གི་སྤྱི་ཚོགས་ཁྲོད་ཆབ་སྲིད་པ་དང། རྩོམ་པ་པོ། ཆོས་ལུགས་ཀྱི་དབུ་ཁྲིད། ཚན་རིག་པ་སོགས་ཀྱི་གནད་ཡོད་མི་སྣ་དག་གིས་བཀོལ་སྤྱོད་ཆེ་བའི་ཊུ་ཝི་ཊར་དྲ་རྒྱ་ནི་འཕྲིན་ཐུང་རིགས་འབྲི་ས་དར་ཁྱབ་ཆེ་བའི་དྲ་རྒྱ་ཞིག་ཡིན་པ་དང་། བྱེ་བྲག་ཏུ་སྲིད་དོན་པ་རྣམས་ཀྱིས་ཊུ་ཝི་ཊར་དྲ་རྒྱའི་ཐོག་གནད་ཚུལ་གལ་ཆེན་རིགས་རྒྱུན་ལྡན་ནས་འགོད་ཀྱི་ཡོད། 

ཕྱི་ཚེས་༡༩ ཉིན་ནས་ཊུ་ཝི་ཊར་གྱི་སྤྱི་ཁྱབ་བཀོད་འདོམས་པ་ཟུར་པ་ཨེན་ཝན་ལེམ་(Evan William)ལ་( Bloomberg) གསར་ཁང་གིས་བཅར་འདྲི་ཞིག་བྱེད་སྐབས་ཁོང་གིས་བརྗོད་དོན་ལ། བོད་མིའི་དབུ་ཁྲིད་༧་གོང་ས་མཆོག་གི་ཊུ་ཝི་ཊར་དྲ་རྒྱ་དེ་ཁོང་གིས་སྤྱི་ལོ ༢༠༠༩ ལོར་བཟོས་ཡོད་པ་དང། དྲ་རྒྱ་དེའི་འགྲོ་གྲོན་རྣམས་ལོ་མང་རིང་ཨེན་ཝན་ལེན་ལགས་ཁོང་གིས་སྤྲད་ཡིན་ཟེར། ཐོག་མར་ཁོང་གིས་༧་གོང་ས་མཆོག་མཇལ་སྐབས་དེང་རབས་འཕྲུལ་ཆས་ཀྱི་རིགས་དང་དེ་དག་གི་བྱེད་ལས་གང་འདྲ་ཡིན་མིན་སོགས་ཀྱི་སྐོར་༧་གོང་ས་མཆོག་ཁོང་གིས་དེ་ཙམ་མཁྱེན་རྟོགས་མེད་པ་ཤེས་སོང་ལ། དེའི་རྗེས་ཁོང་གིས་ལག་ཐོགས་ཁ་པར་(Blackberry)ཞིག་༧་གོང་ས་མཆོག་ལ་ཕུལ་པ་ཡིན་ཞེས་བརྗོད་འདུག 

སྐབས་དེ་དུས་(Blackberry)ལག་ཐོགས་ཁ་པར་གཅིག་པུའི་ནང་ཊུ་ཝི་ཊར་དྲ་རྒྱ་བཟོ་ཐུབ་ཀྱི་ཡོད་པར་བརྟེན།  ཁོང་གིས་རིན་པོ་ཆེ་ལ་(Blackberry)ལག་ཐོགས་ཁ་པར་ཞིག་ཕུལ་ནས་དེ་རྗེས་ཁོང་གིས་ཊུ་ཝི་ཊར་དྲ་རྒྱ་བཟོ་རོགས་བྱས་ཡོད་པར་བརྗོད་པ་དང་། དེ་བཞིན་ཨ་རིའི་བརྙན་འཕྲིན་མདོ་འཛིན་པ་གྲགས་ཅན་(Oprah Winfrey)ལགས་ལ་ཡང་ཊུ་ཝི་ཊར་དྲ་རྒྱ་བཟོ་རོགས་བྱས་མྱོང་ཡོད་ཅེས་བརྗོད་འདུག 

ད་དུང་ཝན་ལེན་ཁོང་གིས་བརྗོད་དོན་ལ་ཐོག་མར་ཁོང་གིས་༧གོང་ས་མཆོག་ལ་ཊུ་ཝི་ཊར་དྲ་རྒྱ་བཟོས་ཞེས་རྗོད་སྐབས་༧་གོང་ས་མཆོག་རང་བཞིན་གྱིས་ཐུགས་མཉེས་པོ་གནང་སོང་ཡང་། ཊུ་ཝི་ཊར་དྲ་རྒྱ་ཁོང་ལ་བཙོངས་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་ཞེས་དང་། དེ་རྗེས་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ཀྱིས་ལོ་མང་རིང་༧གོང་ས་མཆོག་གི་ཊུ་ཝི་ཊར་དྲ་རྒྱའི་འགྲོ་གྲོན་རྣམས་སྤྲད་རྒྱུ་བྱུང་བར་དགའ་པོ་བྱུང་ཞེས་བརྗོད་འདུག ཕྱི་ལོ་༢༠༠༩ ལོར་༧ གོང་ས་མཆོག་གི་ཊུ་ཝི་ཊར་དྲ་རྒྱ་ཐོག་མར་སྒོ་ཕྱེས་གནང་ཡོད་པ་དང། ད་ཆར་རིན་པོ་ཆེའི་ཊུ་ཝི་ཊར་ཐོག་རྗེས་འབྲངས་པ་ས་ཡ་༡༨.༨་ཙམ་ཡོད་པ་དང་། ཊུ་ཝི་ཊར་དྲ་རྒྱའི་ཐོག་རྒྱུན་ལྡན་ཁོང་གིས་བྱམས་སྙིང་རྗེའི་སྐོར་དང་། གོ་ལའི་ཞི་བདེ། འགྲོ་བ་མིའི་བཟང་སྤྱོད། ཤེས་ཡོན་སོགས་ཀྱི་གནད་དོན་དུ་མ་ཞིག་གི་སྐོར་ཁྱབ་སྤེལ་བྱེད་བཞིན་ཡོད་པར་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།