༧ཏཱ་ལའི་བླ་མ་ཞེས་པའི་མཉེན་ཆས་གསར་པ་དེ་རྒྱ་ནག་ནས་བཀག་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡༥ ཉིན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ༧ཏཱ་ལའི་བླ་མ་ཞེས་པའི་ཀུ་ཤུའི་ཁ་པར་གྱི་རིན་མེད་མཉེན་ཆས་གསར་པ་དེ་རྒྱ་ནག་ནས་བཀག་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༤ ཉིན་༧གོང་ས་མཆོག་གི་བཀའ་སློབ་དང་། གསུང་ཆོས། མཛད་འཆར་ཁག་སོགས་གསན་གཟིགས་ཞུ་ཐབས་བདེ་རུ་གཏོང་ཕྱིར། ཀུ་ཤུ་ཁ་པར་ནང་ཕབ་ལེན་བྱེད་ཐུབ་པའི་༧ཏཱ་ལའི་བླ་མ་ཞེས་པའི་རིན་མེད་མཉེན་ཆས་གསར་པ་ཞིག་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་ཏུ་དབུ་འབྱེད་གནང་ཡོད་པ་དང་། ཀུ་ཤུའི་ཁ་པར་བཀོལ་སྤྱོད་བྱེད་མཁན་ཚོས་རང་རང་གི་ཁ་པར་ནང་མཉེན་ཆས་དེ་དྲ་ཐག་འདི་བརྒྱུད་(http://apple.co/2C5zpco)ཕབ་ལེན་བྱས་ཚེ་འཛམ་གླིང་གི་ཡུལ་གྲུ་གང་ས་ནས་༧གོང་ས་མཆོག་གི་གསུང་ཆོས་དང་། བཀའ་སློབ་བཅས་ཀྱི་གསར་འགྱུར་དང་། དྲ་བརྙན། ཐད་གཏོང་དྲ་བརྙན། སྐུ་པར་སོགས་སྟབས་བདེ་པོའི་ངང་ནས་གསན་གཟིགས་ཞུ་ཐུབ་ཀྱི་ཡོད་འདུག་པ་མ་ཟད། མཛད་ཆར་ཁག་ཀྱང་རྟོགས་ཐུབ་ཀྱི་ཡོད་འདུག་ཀྱང་། རྒྱ་ནག་གཞུང་གིས་མཉེན་ཆས་དེ་འཕྲལ་དུ་རྒྱ་ནག་ནང་གི་ཀུ་ཤུ་ཁ་པར་ནས་བཀག་ཡོད་སྟབས། རྒྱ་ནག་དང་བོད་ནས་མཉེན་ཆས་དེ་བརྒྱུད་༧གོང་ས་མཆོག་གི་བཀའ་སློབ་སོགས་ལ་གསན་གཟིགས་ཞུ་ཐུབ་ཀྱི་མེད་པ་རེད་འདུག
ད་ལྟའི་ཆར་མཉེན་ཆས་དེ་ཀུ་ཤུའི་ཁ་པར་ལས་གཞན་པའི་ཁ་པར་རྣམས་སུ་ཕབ་ལེན་བྱེད་ཀྱི་ཐུབ་ཀྱི་མེད་ཀྱང་། རིམ་བཞིན་ཁ་པར་གཞན་གྱི་ནང་ཕབ་ལེན་བྱེད་ཐུབ་པ་བཟོ་འཆར་ཡོད་འདུག
༧གོང་ས་མཆོག་གི་ངོ་དེབ་ནང་གསུང་ཆོས་དང་བཀའ་སློབ་གསན་གཟིགས་ཞུ་མཁན་མི་གྲངས་ས་ཡ་༡༤ མ་ཟིན་ཙམ་དང་། དེ་བཞིན་ཊུ་ཊེར་ནང་རྗེས་འབྲང་མཁན་ས་ཡ་༡༦ ལྷག་ཡོད་པ་རེད།
དེ་སྔོན་ཕྱི་ལོ་༢༠༡༤ ལོར་༧གོང་ས་མཆོག་གིས་བཟོ་ལས་འཕྲུལ་རིག་གསར་པ་རྣམས་ལ་བརྟེན་ནས་ལས་ཀ་བྱེད་ཐབས་སྟབས་བདེ་རུ་སོང་ཡོད་ཀྱང་། ཁ་པར་དང་གློག་ཀླད་ཀྱིས་མིའི་འཚོ་གནས་ལ་དབང་བསྒྱུར་བྱེད་འཇུག་མི་ཉན་སྐོར་དང་། དེ་བཞིན་“བཟོ་རིག་མེད་ན་མིའི་རིགས་ལ་མ་འོངས་པ་མེད་ཀྱང་། ང་ཚོས་བཟོ་ལས་འཕྲུལ་རིག་ལ་ཧ་ཅང་དོ་སྣང་བྱས་དྲགས་ནས་མིའི་ཚོར་བ་བརླག་པ་ཞིག་མ་ཡོང་བར་གཟབ་དགོས་”ཞེས་གསུངས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།