༧པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༣༠ འཁོར་བར་ངོ་རྒོལ་སྐད་འབོད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་རང་བཙན་འཐབ་རྩོད་པ་བོད་མི་ཁག་ཅིག་དང་། བོད་མི་མང་སྤྱི་འཐུས་གཉིས་ཆེད་དུ་ཕེབས་ནས་ཨ་རིའི་ནིའུ་ཡོག་ཏུ་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་ནས་ད་བར་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༣༠ འཁོར་བའི་དུས་ཚོད་དང་བསྟུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འདུག་ལ། དེ་བཞིན་ཁོང་གཉིས་ཀྱིས་ཞུ་གཏུག་ལས་འགུལ་ཞིག་ཀྱང་སྤེལ་འཆར་ཡོད་འདུག

ཕྱི་ཚེས་༢༦ གཟའ་ཉི་མའི་ཉིན་བོད་རང་བཙན་འཐབ་རྩོད་པ་དང་། ཨ་རིའི་ནང་རྟག་ཏུ་བོད་དོན་ལས་འགུལ་སྤེལ་མཁན་ཐུབ་བསྟན་ཆོས་ཉིད་ཀྱི་ངོ་དེབ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཕྱི་ཚེས་༢༦ ཉིན་ཨ་རིའི་ནིའུ་ཡོག་ཏུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དགྲ་བོ་རྒྱ་གཞུང་གིས་ཚེ་སྲོག་འཕྲོགས་ཡོད་པས། ཁོང་ལ་རྗེས་དྲན་དང་ཁོང་གི་ཡང་སྲིད་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་༣༠ འཁོར་བ་དང་བསྟུན། ༧པཎ་ཆེན་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གང་མགྱོགས་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་ནས་ཆེད་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འདུག ལས་འགུལ་སྐབས་སུ་བོད་རང་བཙན་འཐབ་རྩོད་པ་ཐུབ་བསྟན་ཆོས་ཉིད་ཀྱིས་བརྗོད་དོན། ཐེངས་འདིའི་ངོ་རྒོལ་ལས་འགུལ་དེ་ནི་བོད་རང་བཙན་འཐབ་རྩོད་པ་བོད་མི་ཁག་ཅིག་གིས་གོ་སྒྲིག་ཞུས་ཡོད་པ་དང་། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་དང། བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་གཉིས་ཆེད་དུ་རྒྱ་གར་ནས་ཨ་རིའི་ནིའུ་ཡོག་བར་རང་ཉིད་སྒེར་གྱིས་འགྲོ་གྲོན་བཏང་ནས་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་ཅེས་བརྗོད་སོང་། ངོ་རྒོལ་སྐད་འབོད་ཀྱི་མཛད་སྒོའི་སྐབས་སུ་ནིའུ་ཡོག་ཏུ་ཡོད་པའི་བོད་པའི་ཚོགས་པ་ཁག་མང་པོ་ནང་འགན་འཁུར་མྱོང་མཁན་ཚེ་བརྟན་ལྷ་རྒྱལ་གྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་ཚུལ་གསུངས་སོང་ལ། རིན་པོ་ཆེ་ཁོང་ནི་བོད་ཀྱི་བླ་མ་ཙམ་མ་ཡིན་པར་བོད་དོན་འཐབ་རྩོད་ཐད་ཧ་ཅང་གི་བྱས་རྗེས་ཅན་ཞིག་ཡིན་པ། དེ་བཞིན་འབྱུང་འགྱུར་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སུ་བོད་མི་ཚོས་བོད་དོན་འཐབ་རྩོད་ལ་ཕྱག་ལས་གནང་ཐུབ་མཁན་དང་། མི་མང་སྣེ་ཁྲིད་ཐུབ། ལས་འགུལ་སྤེལ་ཐུབ་མཁན་ཞིག་འགོ་ཁྲིད་བསྐོ་དགོས་པ་བརྗོད་སོང་།
བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་གྱིས་བོད་ཀྱི་རྩ་དོན་འཐབ་རྩོད་ནི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འཐབ་རྩོད་ཡིན་དུས་ཕུགས་རྒྱང་རིང་པོའི་བསམ་བློ་ཡོད་དགོས་པ་དང་། གྲ་སྒྲིག་ཡིན་ནའང་ཕུགས་རྒྱང་རིང་པོའི་ཆེད་དུ་བྱེད་དགོས་དུས། ང་ཚོས་ངེས་པར་དུ་བོད་པའི་ཕ་མ་ཚོས་རང་གི་བུ་ཕྲུག་ཚོ་ལ་རྒྱལ་ཞེན་རིང་ལུགས་ཀྱི་བསམ་བློ་ཡོང་ཐབས་སུ་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་ངོ་སྤྲོད་བྱེད་དགོས་པ། བོད་མི་ཚོ་ལ་མཚོན་ན་བོད་མིའི་སྒྲིག་འཛུགས་དེ་བཞིན་ཧ་ཅང་གལ་ཆེན་པོ་ཡིན་དུས་གཟའ་མཇུག་སློབ་གྲྭ་དང་ཕ་མ་ཚོས་བོད་མིའི་སྒྲིག་འཛུགས་རང་གི་ཕྲུ་གུ་ལ་ངོ་སྤྲོད་བྱེད་དགོས་ཞེས་གསུངས་སོང་།
དེ་བཞིན་སྤྱི་འཐུས་དགེ་བཤེས་གོ་བོ་བློ་བཟང་ཕན་བདེས་ཐེངས་འདི་ཨ་རིའི་ནིའུ་ཡོག་ཏུ་ཡོང་དོན་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ངོ་རྒོལ་དང་སྐད་འབོད་རྒྱག་རྒྱུ་གཅིག་པོའི་ཆེད་དུ་མིན་པར། ངོ་རྒོལ་སྐད་འབོད་འདིའི་རྗེས་སུ་རྒྱལ་སྤྱིའི་ནད་ཡམས་ཚོགས་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ཨ་རིའི་གྲོས་ཚོགས་འཐུས་མི་སོགས་ཐུག་འཕྲད་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གཙོས་པའི་བོད་པའི་ཆབ་སྲིད་བཙོན་པ་གཞན་རྣམས་གློད་བཀྲོལ་ཆེད་ཞུ་གཏུགས་ཀྱི་ལས་འགུལ་ཞིག་སྤྱི་འཐུས་རྣམ་པ་གཉིས་ཀྱིས་སྤེལ་འཆར་ཡོད་ཅེས་གསུངས་སོང་ལ། ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་མི་ལོ་༣༠ འགྲོ་བཞིན་ཡོད་དུས། ང་ཚོ་བོད་མི་ཚོ་ངོས་ནས་རྒྱལ་སྤྱིའི་ནང་ཞུ་གཏུག་དང་། གོ་རྟོགས་སྤེལ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་ཞེས་གསུངས་སོང་། རྒྱུ་མཚན་ནི་ད་ལྟའི་བོད་ནང་བོད་ཀྱི་སྐད་དང་ཡི་གེ་ཏོག་ཙམ་ལྷག་ཡོད་པ་ནི་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་ཡིན་ཞེས་བརྗོད་སོང་།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
