༧པཎ་ཆེན་རིན་པོ་ཆེ་དང་ཁོང་གི་སྐུ་འཁོར་རྣམས་གཙོས་པའི་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས།

དེ་རིང་འཛམ་གླིང་གི་ས་ཕྱོགས་གང་སར་ནས་རྣམ་པ་འདྲ་མིན་ཐོག་ནས་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ་ལྟར། རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་དགོན་པ་ནས་ཀྱང་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་དང་དེ་འབྲེལ་གྱི་གསལ་བསྒྲགས་ཤིག་སྤེལ་འདུག
ལོ་ལྟར་ཕྱི་ཟླ་༤ ཚེས་༢༥ ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་ལོ་༣༦ ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་པ་བཞིན། དེ་རིང་ཞོགས་པར་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་དགོན་པ་ནས་༧རྒྱལ་མཆོག་ཡས་སྲས་སྐུ་ཚེ་ཡུན་དུ་བརྟན་པའི་ཆེད་དུ། བླ་མའི་རྣལ་འབྱོར་གསུང་འདོན་དང་། དར་ཆེན་བསྒྲེངས་པ། བསང་གསོལ་སོགས་ཆོས་ལུགས་ཀྱི་ཆོ་ག་མཛད་ཅིང་། དེ་བཞིན་ཐེངས་འདིའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོའི་ཐོག་སེ་ར་བྱེས་སྨད་དང་རྒྱུད་སྨད་སོགས་ཀྱི་མཁན་རིན་པོ་ཆེ་རྣམ་པ་དང་། སྦེལ་ཀོབ་བདེ་སླར་གྱི་ས་གནས་འགོ་འཛིན་གཙོས་པའི་གནད་ཡོད་མི་སྣ། གཞན་ཡང་བོད་ཁྱིམ་སློབ་ཕྲུག་སོགས་སེར་སྐྱ་མང་ཚོགས་མང་པོ་འདུ་འཛོམས་གནང་འདུག
ཐེངས་འདིར་བཀྲ་ཤིས་ལྷུན་པོ་དགོན་པའི་ངོས་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་འདུག་པ་དང་། དེ་ཡང་དགོན་པའི་ངོས་ནས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡོད་པར་ཡིད་ཆེས་དང་། དེ་བས་ཁོང་ཉིད་སྐུ་ཁམས་བདེ་བར་འཁྲུངས་སྐར་སྤྲོ་བོ་ཡོང་བའི་སྨོན་འདུན་ཞུས་པ་དང་། དེ་བཞིན་པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་རྗེས་དང་ཁོང་གིས་ཡིག་འབྲུ་ཁྲི་བདུན་བྲིས་གནང་བའི་རྐྱེན་གྱིས་མི་སྤྱོད་ལས་འདས་པའི་མནར་གཅོད་དང་འབྲེལ། མི་ལོ་བཅུ་བཞིའི་རིང་བཙོན་ཁང་དུ་བཞུགས་དགོས་བྱུང་བ་སོགས། རིན་པོ་ཆེས་བོད་མི་རིགས་ཀྱི་སླད་དུ་སྐུ་ངལ་འཛེམས་མེད་ཀྱིས་རླབས་ཆེན་མཛད་པ་བསྐྱངས་པའི་སྐོར་དང་། དེ་བཞིན་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རྒྱ་གཞུང་གིས་བཙན་འཁྲིད་ཀྱིས་ད་བར་མི་ལོ་སུམ་ཅུ་ཕྱིན་ཞིང་། རིན་པོ་ཆེའི་གནས་སྟངས་འདིས་རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། གང་བྱུང་དུ་བོད་མི་བཙན་ཁྲིད་དང་། བཀག་ཉར། བཙོན་འཇུག གར་སོང་ཆ་མེད་དུ་འགྲོ་བཞིན་པ་སོགས་ཀྱི་དཔང་རྟགས་གསལ་ཤོས་སུ་གྱུར་ཡོད་པ་སོགས་བརྗོད་འདུག་ལ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་༧པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་དང་སྐུ་གཟུགས་བདེ་ཐང་ཡིན་མིན་སྐོར་ལ་དྲི་བ་མང་པོ་བཏོན་ཡོད་ཀྱང་། རྒྱ་གཞུང་གིས་ད་བར་ཡབ་ཡུམ་སྐུ་འཁོར་དང་བཅས་པ་གར་ཡོད་ཀྱི་གནས་ཚུལ་ཁ་གསལ་བསྒྲགས་མེད་པར་བརྗོད་པ་དང་འབྲེལ། ཐེངས་འདིར་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ཏེ།

རིན་པོ་ཆེའི་གནད་དོན་དང་འབྲེལ་ནས་དེ་གའི་ལངས་ཕྱོགས་དང་རེ་འདུན་དོན་ཚན་བཞི་ཅན་ཞིག་ཡོངས་ཁྱབ་ཏུ་བསྐྱར་བསྒྲགས་གནང་འདུག དེའི་ནང་དོན་སྙིང་བསྡུས་ནི། ༡ བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐུན་མིན་ལམ་ལུགས་ལ་རྒྱ་གཞུང་གིས་བརྩི་བཀུར་ཞུ་དགོས་པ་དང་། དེར་ཐེ་བྱུས་བྱེད་པ་ནི་ཁྲིམས་འགལ་ཡིན་པ། ༢ ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི་བོད་ཀྱི་ལོ་རྒྱུས་ལྡན་པའི་ལམ་སྲོལ་ལྟར་༧གོང་ས་མཆོག་གིས་ངོས་འཛིན་ཞུས་པར། རྒྱ་གཞུང་གིས་བོད་མིའི་ལམ་སྲོལ་དང་དད་སེམས་ལ་འཁྱོག་བརྗོད་དང་བཙན་དབང་གི་བྱ་སྤྱོད་སྤེལ་བ་ནི་ཁྲིམས་མཐུན་མ་ཡིན་པ། ༣ མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཁག་ལ་༧པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་གྲོལ་ཡོང་ཐབས་སུ་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་དང་། ཁོང་ད་ལྟ་དགུང་ལོ་སོ་དྲུག་བཞེས་ཡོད་སྟབས། མི་ལོ་སུམ་བཅུའི་རིང་འཛམ་གླིང་ནང་ནག་ཉེས་མེད་པའི་ཆབ་སྲིད་བཙོན་པ་དང་གར་སོང་ཆ་མེད་དུ་གྱུར་པའི་བོད་ཀྱི་བླ་ཆེན་ཞིག་གི་ལོ་རྒྱུས་ཀྱི་ཟིན་ཐོར་གྱུར་ཡོད་པ་དང་། ལོ་ངོ་འདི་དག་གི་རིང་རྒྱ་གཞུང་གིས་མི་སྒེར་གྱི་འཚོ་གནས་དང་ཆོས་དད་རང་དབང་སོགས་ཀྱི་ཐོབ་ཐང་བཙན་འཕྲོག་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པའི་སྐུལ་མ་གནང་རོགས་ཞེས་ཛ་དྲག་གིས་འབོད་སྐུལ་ཞུ་རྒྱུ་ཡིན་པ། ༤ རྒྱ་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་དང་ཁོང་གི་སྐུ་འཁོར་རྣམས་གཙོས་པའི་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་། བོད་ཀྱི་ནང་བསྟན་ཆོས་ལུགས་ཀྱི་ལམ་སྲོལ་ལ་ཐེ་བྱུས་མི་བྱེད་པར་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་དང་དང་ལེན་བྱེད་དགོས་པ་སོགས་ཀྱི་སྐོར་འཁོད་འདུག

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་སམ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི། ཕྱི་ལོ་ ༡༩༨༩ ཕྱི་ཟླ་ ༤ ཚེས་ ༢༥ ཉིན་ནག་ཆུ་ལྷ་རི་རྫོང་དུ་ཡབ་དཀོན་མཆོག་ཕུན་ཚོགས་དང་ཡུམ་བདེ་ཆེན་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ནས་ཉིན་འདིར་ཁོང་དགུང་ལོ་ ༣༦ བཞེས་ཀྱི་ཡོད་པ་དང་། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བའི་གསལ་བསྒྲགས་མཛད་དེ་ཉིན་གསུམ་སོང་རྗེས། ཟླ་དེའི་ཚེས་ ༡༧ ཉིན་རྒྱ་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་། ཁོང་གི་ཡབ་ཡུམ་དང་བྱ་བྲལ་རིན་པོ་ཆེ་གཙོས་སྐུ་འཁོར་བཅས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༣༠ ཏག་ཏག་འགྲོ་གི་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།
