༧པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློད་གྲོལ་ཡོང་ཆེད་རྒྱལ་སྤྱིའི་རང་བཞིན་ཅན་གྱི་མཆོད་མེའི་ལས་འགུལ། 

ཕྱི་ཟླ་ ༥ ཚེས་ ༡༧ ཉིན་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཏེ་ལོ་ངོ་ཧྲིལ་པོ་ ༢༥ ཏག་ཏག་འཁོར་བའི་ཉིན་འཁེལ་སྟབས། བོད་མིའི་སྒྲིག་འཛུགས་ནས་ཁོང་མྱུར་དུ་གློད་གྲོལ་ཡོང་བའི་དགོས་འདུན་དང་སྨོན་ལམ་མཚོན་ཆེད་རྒྱལ་སྤྱིའི་རང་བཞིན་ཅན་གྱི་སྒྲོན་མེ་མཆོད་འབུལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུ་ཡིན་འདུག 

ད་ལྟའི་ཆར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་རྔམ་སྟོན་ཁྲོམ་སྐོར་དང་འདུ་འཛོམས་བྱེད་ཐབས་བྲལ་བས། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་ཉིན་དེའི་རྒྱ་གར་གྱི་དགོང་མོའི་ཆུ་ཚོད་ ༧ པའི་ཐོག་དྲ་ལམ་བརྒྱུད་དེ་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་བའི་ཐོག ས་ཕྱོགས་གང་སར་ཡོད་པའི་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་ལ་སོ་སོའི་རང་ཁྱིམ་ནས་སྒྲོན་མེ་སྦར་ཏེ་༧པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་གྲོལ་གཏོང་བའི་དགོས་འདུན་དང་རེ་སྨོན་མཚོན་པ་བྱ་དགོས་པའི་སྐུལ་མའང་གནང་འདུག 

ད་ཐེངས་ཀྱི་དམིགས་བསལ་ལས་འགུལ་འདི་དང་འབྲེལ་བའི་ཐད་ལ། སྲིད་སྐྱོང་བློ་བཟང་སེང་གེས་ཕྱི་ཟླ་ ༥ ཚེས་ ༨ ཉིན་བརྗོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་དགེ་འདུན་ཆོས་ཀྱི་ཉི་མ་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པར་ངོས་འཛིན་དང་ཡོངས་ཁྱབ་གསལ་བསྒྲགས་མཛད་ནས་ཉིན་གསུམ་གྱི་རྗེས་ཏེ། ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེ་དང་ཁོང་གི་ཡབ་ཡུམ་བཅས་བཙན་ཁྲིད་གསང་ཉར་བྱས་ཡོད། ཟླ་འདིའི་ཚེས་ ༡༧ ཉིན་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༢༥ འཁོར་གྱི་ཡོད་པས་ཧ་ཅང་སེམས་སྐྱོ་པོ་ཞིག་རེད། ང་ཚོས་འདས་པའི་ལོ་ངོ་ ༢༥ རིང་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་གཟུགས་གསལ་ཐང་ཡིན་མིན་དང་། གང་དུ་ཡོད་མེད། ག་རེ་གནང་གི་ཡོད་མེད། རིན་པོ་ཆེ་མཆོག་གི་ཡབ་ཡུམ་རྣམ་པ་དང་གཉེན་ཉེ་དུ་བཅས་ནས་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་ཐུབ་ཀྱི་ཡོད་མེད་སོགས་ཀྱི་སྐོར་ཤེས་ཀྱི་མེད། 

རྒྱ་ནག་གཞུང་གིས་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་གསང་ཉར་བྱས་པ་དེ་བོད་མི་ཚོར་མཚོན་ན་ཧ་ཅང་ཆག་སྒོ་ཆེན་པོ་རེད། རྒྱ་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་གྲོལ་མ་གཏང་བར་ང་ཚོའི་ངོས་ནས་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དྲན་པའི་ཐོག་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན། 

རེས་གཟའ་པ་སངས་ཉིན་སྤེལ་བའི་གསལ་འགོད་གསལ་བསྒྲགས་དེའི་སྟེང་། ཁོང་གིས་ད་དུང་འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་ཀྱི་གྲོགས་པོ་དང་བོད་མི་ཚོས་སྒྲོན་མེ་མཆོད་འབུལ་གྱི་ལམ་ནས་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དྲན་གསོ་དང་རྒྱ་ནག་གཞུང་ལ་རིན་པོ་ཆེ་མཆོག་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་རོགས་ཞེས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོད་དོ་ཅོག་ལ་སྐུལ་མའང་གནང་འདུག 

གཞན་ཡང་། ཟླ་ ༥ ཚེས་ ༤ ཉིན་རྒྱལ་ཁབ་ཁག་བཅོ་བརྒྱད་ནང་རྟེན་གཞི་བྱས་པའི་ཚོགས་པ་མི་འདྲ་བ་ ༡༥༩ ཡིས་མཉམ་འབྲེལ་རྒྱལ་ཁབ་ལ་ཞུ་ཡིག་ཅིག་ཕུལ་ཏེ། རྒྱ་ནག་ལ་༧པཎ་ཆེན་རིན་པོ་ཆེ་འཕྲལ་དུ་གློག་གྲོལ་གཏོང་དགོས་པའི་གནོན་ཤུགས་སྤྲོད་པའི་དགོས་འདུན་བཏོན་པ་མ་ཟད། 

 

གསར་འགོད་པ་དཀོན་མཆོག་རབ་བརྟན།