༧སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་གི་འཁྲུངས་གཞིས་ཀྱི་ངག་རྒྱུན་ལོ་རྒྱུས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ།

ཟླ་འདིའི་ཕྱི་ཚེས་༧ གྱི་སྔ་དྲོར་ སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་གི་འཁྲུངས་གཞིས་གཟའ་རུ་རོང་འབྲོག་ཐུན་མོང་གི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་འགྲེམས་སྤེལ་ཞུས་པའི། ༧སྐྱབས་མགོན་ཀིརྟི་སྐུ་ཕྲེང་བཅུ་གཅིག་གི་འཁྲུངས་གཞིས་ཀྱི་ངག་རྒྱུན་ལོ་རྒྱུས་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཞེས་པའི་དཔེ་དེབ་སྟོད་སྨད་གཉིས་དབུ་འབྱེད་ཀྱི་མཛད་སྒོ་ཞིག་དྷ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་འཚོགས་ཡོད་པ་དང་།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་བཀའ་ཟུར་ཐུབ་བསྟན་ལུང་རིག་ལགས་གཙོས་པའི་ཤེས་ལྡན་མི་སྣ་སྐྱ་སེར་མང་པོ་མཉམ་ཞུགས་གནང་འདུག སྐབས་དེར་ཀིརྟི་བྱས་པ་གྲྭ་ཚང་གི་སློབ་དཔོན་ཆེན་མོ་རེ་མདོ་སེངྒེ་ལགས་ཀྱིས། ༧སྐྱབས་མགོན་ཀིརྟི་རིན་པོ་ཆེའི་སྔར་སྟོན་པའི་སྐུ་དུས་ནས་བརྒྱུད་པའི་འཁྲུངས་རབས་དང་། རྗེ་རིན་པོ་ཆེའི་དངོས་སློབ་རོང་ཆེན་ཀིརྟི་རྒྱལ་མཚན་ནས་ད་ལྟའི་སྐུ་ཕྲེང་བཅུ་གཅིག་བར་གྱི་གཏིང་ཟབ་པའི་འཁྲུངས་གཞིས་ཞིབ་འཇུག་གི་སྐོར། དེ་བཞིན་དེབ་འདིའི་རྩོམ་སྒྲིག་གི་འགན་གཙོ་བོ་བོད་ནས་ཁུར་ཏེ་བྲིས་ཀྱང་། རྩོམ་སྒྲིག་བྱེད་རྒྱུར་ཕྱི་ནང་གི་རྐྱེན་མང་པོ་ཞིག་ལ་དཀའ་ངལ་འཕྲད་དེ་པར་རྩ་ཡང་རྩ་མེད་འགྲོ་བའི་ཉེན་ཁ་ཡོད་པར་མཐོང་ནས། ཀིརྟི་རིན་པོ་ཆེའི་དགུང་གྲངས་བརྒྱད་ཅུ་གྱ་གཉིས་ལ་ཕེབས་པའི་འཁྲུངས་རྩིས་དང་བསྟུན་ནས་འདི་ནས་པར་སྐྲུན་འགྲེམས་སྤེལ་བྱས་ཚུལ་སོགས་གསུངས་སོང་། གཞན་ཡང་དེབ་དེའི་ཞིབ་འཇུག་བྱེད་སྟངས་དམིགས་བསལ་ཞིག་ཡིན་པའི་སྐོར་ཁོང་གིས་གསུངས་དོན། བླ་མ་གཞན་གྱི་རྣམ་ཐར་ནང་འཁྲུངས་གཞིས་ལ་ཞིབ་འཇུག་གཏིང་ཟབ་བྱས་པ་འདི་འདྲ་མེད་པས། འདིས་འཁྲུངས་གཞིས་ཞིབ་འཇུག་བྱས་ཏེ་བླ་མའི་རྣམ་ཐར་འབྲི་སྟངས་ཀྱི་སྟོང་ཆ་བཀང་བའམ་ཞིབ་འཇུག་བྱེད་སྟངས་མ་འདྲ་བ་ཞིག་ཡིན་པར་གསུངས་སོང་། དེ་བཞིན་དུས་རབས་བཅུ་བཞི་པ་ནས་ད་ལྟར་བར་བོད་ཁམས་སྤྱི་དང་ལྷག་པར་དུ་བོད་མདོ་སྨད་ཕྱོགས་ཀྱི་ཆབ་སྲིད། ཆོས་ལུགས། སྤྱི་ཚོགས་ཀྱི་དཔལ་འབྱོར་གྱི་གནས་སྟངས་སོགས། མདོ་སྨད་ཕྱོགས་ཀྱི་ལོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་གང་ལ་གང་འཚམ་ཞིག་དེབ་འདིའི་ནང་ཡོད་པ་དང་། རྩོམ་སྒྲིག་བྱེད་སྟངས་ཀྱང་ཡིག་ཐོག་ལ་ཡོད་པའི་རྣམ་ཐར་ཙམ་མིན་པར་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་ཡངས་སུ་བཏང་སྟེ་འཁྲུངས་གཞིས་མང་པོ་ཞིག་ལ་ཆེད་ཕེབས་ཀྱིས་ངག་རྒྱུན་ལོ་རྒྱུས་ཁུངས་བཙན་པོ་མང་པོ་ཞིག་བསྡུ་རུབ་བྱས་ཡོད་པས། འདི་ནི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་མཁན་ཙམ་མིན་པར་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཚོར་ཕན་ཐོགས་ཡོད་པར་གསུངས་སོང་། དེབ་འདི་ནི་བོད་ཀྱི་སྣོད་བཅུད་ཆགས་སྟངས་ནས་བཟུང་སྟེ་བོད་ཁམས་སྤྱིའི་ལོ་རྒྱུས་དང་ལྷག་ཏུ་མདོ་སྨད་ལྷོ་རྒྱུད་ཀྱི་ལོ་རྒྱུས་ཞིབ་པར་བརྗོད་དེ་ཀིརྟི་རིན་པོ་ཆེའི་རྣམ་ཐར་ཞར་བྱུང་དུ་བྲིས་པ་ཞིག་ཡིན་འདུག
དམིགས་བསལ་སྐུ་མགྲོན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དཔེ་དེབ་བཏོན་པར་བསྔགས་བརྗོད་དང་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་དང་ངག་རྒྱུན་ལོ་རྒྱུས་གལ་ཆེ་ཚུལ་སོགས་དང་། ཀིརྟི་སྐུ་ཕྲེང་༡༡་གི་རྣམ་ཐར་ལས་ངོ་མཚར་བའི་ཁྱད་ཆོས་རེ་ཟུར་འདོན་གྱིས་གསུངས་པ་དང་། ད་ལྟ་ཀིརྟི་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཀྱི་སྐོར་སོགས་གསུངས་སོང་། བཀའ་ཟུར་ཐུབ་བསྟན་ལུང་རིག་ལགས་ཀྱིས་ཀྱང་ཀིརྟི་སྐུ་ཕྲེང་རིམ་བྱོན་ནས་མདོ་སྨད་ཁྱོན་ཡོངས་ལ་མཛད་པ་སྐྱོང་སྟངས་དང་། ད་ལྟའི་ཀིརྟི་རིན་པོ་ཆེའི་མཛད་པའི་སྐོར་སོགས་གསུངས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དཔེ་དེབ་འདི་བྱུང་རབས་ཀྱི་ཐོག་ནས་གནད་འགག་ཡིན་ཚུལ་དང་། བོད་ཀྱི་བླ་མ་རེ་རེའི་རྣམ་ཐར་འདིའི་ངོ་བོ་འདྲ་ཞིག་འབྲི་ཐུབ་ན་ཕན་ཐོགས་ཡོད་ཚུལ་སོགས་བཀའ་སློབ་གནང་སོང་།
གསར་འགོད་པ་བསྟན་འཛིན་ལམ་བཟང་།