༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སཱ་རའི་སློབ་ཐོན་མཛད་སྒོར་བཅར་འདུག
ཕྱི་ཟླ་༤ ཚེས་༣༠ ཉིན་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྐབས་༢༢ པའི་མཐོ་རིམ་རིག་གནས་རབ་འབྱམས་པ་དང་རབ་བྱུང་རིག་གནས་འཛིན་གྲྭ་སྐབས་དང་པོ་དང་གཉིས་པའི་སློབ་མ་སོགས་ཀྱི་སློབ་ཐོན་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཇི་ལྟར་གདན་འདྲེན་ཞུས་ལྟར་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་དཔལ་བཟང་པོ་མཆོག་ཞབས་སོར་འཁོད་ནས་བསླབ་པ་མཐར་སོན་གྱི་སློབ་གཉེར་བ་ཚོ་ལ་སློབ་ཐོན་ཕྱག་འཁྱེར་གསོལ་བསྩལ་དང་། དགེ་སློབ་ཚོར་བཀའ་སློབ་ལམ་སྟོན་སོགས་བཙལ་གནང་འདུག

སྐབས་དེ་མཛད་སྒོའི་སྐབས་༧སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་གིས། བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ནང་ད་ལྟའི་ཆར་དུས་ཚོད་གཉན་འཕྲང་ཆེ་ཤོས་ཡིན་པའི་སྐབས་དེ་ལ། ང་རང་ཚོའི་ལུང་པ་དེ་ཤོར་ནས་ད་ལྟའི་བར་དུ་ལོ་དྲུག་ཅུ་རེ་གྲངས་ཤིག་ཕྱིན་པ་རེད་ལ། དེ་ཡི་རིང་ལ་མི་ཐོག་མང་པོ་ཞིག་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་ཕྱིན་པ་རེད། ཡིན་ན་ཡང་། དེ་ལྟ་བུའི་གནས་སྟངས་ཁག་པོ་དེ་འདྲའི་ནང་ལ་ང་རང་ཚོ་ན་གཞོན་རྣམས། རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ལ་སློབ་སྦྱོང་གནང་ནས་འགྲུབ་འབྲས་དེ་འདྲ་ཞིག་ཐོན་གྱི་ཡོད་པ་དང་། དེ་འདྲ་བའི་སྲུང་བརྩི་ཞིག་གནང་བ་དེ་ནི་བརྡ་ལན་དམིགས་གསལ་ཞིག་དང་གལ་ཆེན་པོ་ཞིག་རེད། དེ་བཞིན་དེ་འདྲ་བའི་འགྲུབ་འབྲས་ཐོན་པ་དང་གོ་སྐབས་དེ་འདྲ་ཞིག་བྱུང་བ་ནི། གཙོ་བོ་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་དང་། མཚན་ཉིད་ཀྱི་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་དང་། དེ་བཞིན་ད་བར་དུ་སློབ་གྲྭ་དེ་ལ་ཕྱག་ལས་གནང་མཁན་ཚང་མས་སྐུ་ལས་སྐྱོན་པ་ལ་བརྟེན་ནས་དེ་རིང་གི་འགྲུབ་འབྲས་དེ་འདྲ་ཞིག་ཐོན་པ་ཡིན་པས། དེ་རིང་གི་ཉིན་མོ་དེ་ལ་ཁོང་རྣམ་པ་ཚང་མ་ལ་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུ་རྒྱུ་གལ་ཆེན་པོ་རེད། གཞན་ཡང་ང་ཚོའི་བོད་ཀྱི་རིག་གཞུང་དེ་ང་ཚོའི་མི་རིགས་དེ་ལ་བལྟོས་ཏེ་མི་རིགས་གཞན་དང་ཁྱད་པར་དབྱེ་རྒྱུའི་ཁྱད་ཆོས་དང་། བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་ནུས་པ་བླ་ན་མེད་པ་དང་། བོད་ཀྱི་གོམས་གཤིས་དང་རིག་གཞུང་མང་པོ་ཞིག་གི་གཞི་རྩ་ནི། ང་ཚོའི་སྐད་ཡིག་གཙོས་པའི་རིག་གཞུང་དེ་ཆགས་ཀྱི་ཡོད། དེ་བཞིན་ད་ལྟའི་ཆར་མི་དང་མི་བར་དང་། རྒྱལ་ཁབ་དང་རྒྱལ་ཁབ་བར་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཀྱི་ཡོད་པས་དཀའ་ངལ་དེ་དག་སེལ་ཆེད། ང་ཚོའི་ཞེན་ཁོག་གི་སྐད་ཆ་མིན་པར། དེ་ལྟར་བུའི་དཀའ་ངལ་ལ་ལེགས་སྐྱེས་འབུལ་རྒྱུའི་གོ་སྐབས་ཆེ་ཤོས་དེ་ནང་ཆོས་ལ་ཡོད་པས། ནང་ཆོས་དེ་འཛིན་སྐྱོང་སྤེལ་གསུམ་ཡོང་ཆེད་བོད་ཀྱི་སྐད་ཡིག་དེ་གལ་ཆེན་པོར་འགྱུར་ཡོད་པ་སོགས་ཀྱི་བཀའ་སློབ་བསྩལ་འདུག ཐེངས་དེའི་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྐབས་༢༢ པའི་མཐོ་རིམ་རིག་གནས་རབ་འབྱམས་པ་དང་རབ་བྱུང་རིག་གནས་འཛིན་གྲྭ་སྐབས་དང་པོ་དང་གཉིས་པའི་སློབ་མ་སོགས་ཀྱི་སློབ་ཐོན་མཛད་སྒོར་སྐུ་མགྲོན་གཙོ་བོར་༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་དཔལ་བཟང་པོ་མཆོག་དང་། དེ་བཞིན་དམིགས་བསལ་སྐུ་མགྲོན་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་དང་ས་རྭ་མཐོ་སློབ་ཀྱི་སློབ་སྤྱི་བཅས་མཛད་སྒོར་མཉམ་ཞུགས་གནང་ཡོད་ཅིང་། ཁྱོན་སློབ་མ་གྲངས་༣༢ སློབ་མཐར་ཕྱིན་ཡོད་འདུག།
གསར་འགོད་པ། བདེ་སྒྲོན།