༸གོང་མ་ཁྲི་ཆེན་རིན་པོ་ཆེ་ལ་སྨར་ཁམས་ཀྱི་བརྟན་བཞུགས།

བོད་རྒྱལ་ལོ་༢༡༤༦ བོད་ཟླ་༨ ཚེས་༡ ཉིན། སྡེ་ར་ལྡུན་ཁུལ་དཔལ་ས་སྐྱའི་བྱེས་ཀྱི་གདན་ས་ར་ཛ་སྤུར་དུ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་སྨར་ཁམས་པ་གཞིས་བྱེས་ལྷ་སྡེ་མི་སྡེ་སྤྱི་མགྲིན་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ཟླ་༩ ཕྱི་ཚེས་༢༩ བོད་ཟླ་༨ ཚེས་༡ ཉིན་གྱི་སྔ་དྲོ་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་དབུས་པའི་སྐུའི་གདུང་སྲས་རྣམ་པ་དང་། ངོར་དང་ཚར་པའི་ཁྲི་པ་རྣམ་པ། དཔལ་ལྡན་རང་གཞུང་ཆོས་རིག་བཀའ་བློན་དང་དྲུང་ཆེ། སྐུ་ངོ་ལྷོ་སྤྱི་གཙོས་པའི་ས་གནས་འགོ་འཛིན་རྣམ་པ་གཞན་ཡང་སྨར་ཁམས་པའི་བླ་དཔོན་རྣམས་གཙོས་པའི་གནད་ཡོད་མི་སྣ་དང་ཕྱོགས་མཐའ་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་གྲྭ་བཙུན་མི་མང་བཅས་ནས་ཕེབས་བསུ་སེར་ཕྲེང་སྒྲིག་དང་སྤྱན་རྒྱ་སྤུས་སྣེ་དྲངས་ནས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གཟིམས་ཆུང་སྒྲོལ་མ་ཕོ་བྲང་ནས་གདན་ཞུ་གནང་།

བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དཔལ་ས་སྐྱའི་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་སྐུ་བཞེངས་ཐོག་མཎྜལ་ལྗགས་བཤད་གནང་བ་དང་། རིམ་བཞིན་ཞལ་བཞེས་དང་གཏང་རག་གི་མཎྜལ་གྲུབ་མཚམས་དཔལ་ལྡན་རང་གཞུང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོང་གཞི་དང་བོད་བསྟན་སྲིད་སྤྱིའི་བདེ་དོན་ཐོག་ཐུགས་འཁུར་བླ་མེད་དུ་བསྐྱངས་དང་སྐྱོང་བཞིན་ཡོད་པའི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་སོགས་བཀའ་སློབ་བསྩལ་ཡོད།

ཉིན་རྒྱབ་ཚོུད་༡།༣༠ ཐོག་ཕྱི་ལུགས་ཀྱི་མཛད་རིམ་ཁག་འགོ་འཛུགས་ཞུས་པ་དང་། མཛད་སྒོ་དབུ་ཚུགས་པ་དང་བྱོན་པ་ལེགས་སོ་དང་སྦྲགས་ནས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་གྱིས་བརྟན་བཞུགས་སྐོར་ལ་གསུང་བཤད་དང་། སྨར་ཁམས་པའི་བླ་ཆེན་རྣམ་པའི་བཀའ་སློབ་གྲུབ་མཚམས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་བླ་ན་མེད་པའི་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་དང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པའི་བསྐོར་བའི་མཚོན་དོན་དུ་རིན་ཆེན་དང་པོ་དངུལ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ་ལ་དར་ཚོན་སྣ་ལྔར་སྨར་ཁམས་པའི་བླ་དཔོན་རྣམ་པས་སྣེ་དྲངས་ནས་ཆོས་འཁོར་འདེགས་འབུལ་ཞུས། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བཀའ་སློབ་བསྩལ་དོན།བརྟན་བཞུགས་ཟབ་རྒྱས་གནང་བའི་བདེན་པའི་ནུས་མཐུ་འདིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པ་དང་། དེ་བཞིན་ངོར་ཆེན་རྒྱལ་བའི་རྒྱལ་ཚབ་༸སྐྱབས་རྗེ་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་ཀྱང་དེང་སང་དགུང་ན་མཐོན་པོར་ཕེབས་ཀྱི་ཡོད་པས་ཁོང་ཀྱང་སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་ལམ་དང་འབྲེལ་རིས་མེད་སྐྱེས་ཆེན་དམ་པ་མཐའ་དག་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པའི་ཐུགས་སྨོན་གནང་གལ་ཆེ་བ་ཅེས་དང་། གདན་ས་དཔལ་ལྡན་ས་སྐྱ་ནས་དུས་འགྱུར་མ་བྱུང་བར་སྨར་ཁམས་ཀྱི་ཕྱོགས་སུ་ཡོད་པའི་ས་དགོན་རྣམས་ལ་དམིགས་བསལ་བླ་སྐོས་ཆེད་གཏོང་གནང་བ་སོགས་ཀྱི་ས་སྐྱ་དང་སྨར་ཁམས་ཀྱི་ཕྱོགས་ནས་ཆོས་དང་གང་ཐད་ནས་འབྲེལ་བ་རྒྱ་ཆེར་ཡོད་པའི་བཀའ་སློབ་ཟབ་རྒྱས་བསྩལ་ཡོད། དེའི་རྗེས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་རྗེས། བལ་ཡུལ་སྨར་ཁམས་སྐྱིད་སྡུག་དང་མ་སུ་བོད་ཁྱིམ་སོགས་ཚོགས་སྡེ་ཁག་དང་སྨར་ཁམས་ཁོངས་ནས་གླུ་པ་གླུ་མ་བཅས་ཀྱིས་གཞས་སྣ་འཁྲབ་སྟོན་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།