༸གོང་ས་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་ཁག་གཅིག་ལ་བཀའ་སློབ་བསྩལ་འདུག

རྒྱ་གར་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཟླ་བ་༢ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྤྱི་ཚོགས་བདེ་དོན་ཐོག་ཕྱག་ལས་གནང་མཁན་རྒྱ་གར་གྱི་གཞུང་འབྲེལ་མ་ཡིན་པའི་ཐེབས་རྩ་ཚོགས་པ་(M3M Foundation) ཞེས་པའི་ཚོགས་པའི་སྡེ་ཚན་ཁག་གི་ལས་བྱེད་དང་། ཉེ་ཆར་ལས་རིགས་ཁག་གི་ཐོག་བསླབ་པ་མཐར་སོན་གྱི་སློབ་ཕྲུག་༡༢༠ ལ་བཀའ་སློབ་བསྩལ་ཡོད་པ་དང་།

སྐབས་དེར་༧གོང་ས་མཆོག་གིས་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་ནག་དང་འབྲེལ་ལམ་བཟང་པོ་ཡོད་ནའང་། བོད་ཡིག་རྒྱ་གར་གྱི་ཡི་གེར་དཔེར་བལྟས་ནས་གསར་བཟོ་མཛད་ཡོད་པའི་སྐོར་དང་། དེ་བཞིན་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུའང་རྒྱ་ནག་དང་འབྲེལ་ལམ་ཤུགས་ཆེར་ཡོད་ཀྱང་། ནང་ཆོས་རྒྱ་ནག་ནས་མ་བླངས་པར་རྒྱ་གར་གྱི་དཔལ་ནཱ་ལེནྡྲ་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུས་ཀྱིས་བོད་ལ་ནཱ་ལེནྡྲའི་ཆོས་བརྒྱུད་སྤེལ་ཡོད་པའི་སྐོར་དང་། དེ་བཞིན་འཚེ་བ་མེད་པ་དང་བྱམས་བརྩེ་ཧ་ཅང་གལ་གནད་ཆེན་པོ་ཡིན་པས་དེང་རབས་ཤེས་ཡོན་ལམ་ལུགས་ནང་དགོས་ངེས་ཡིན་པ་མ་ཟད། ཞི་བདེས་ཕོངས་པའི་འཛམ་གླིང་འདིར་མིའི་སེམས་ལ་བདེ་སྐྱིད་སྐྲུན་ཐབས་སུ་མི་ཕན་ཚུན་དབར་དབྱེ་འབྱེད་དང་འཐེན་འཁྱེར་མི་བྱེད་པར་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པའི་དུས་ལ་བབ་པ་དང་། ནང་སེམས་ཀྱི་ཞི་བདེ་གོང་འཕེལ་སླད་རྒྱ་གར་བ་ཚོས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ལ་སློབ་སྦྱོང་བྱས་ཏེ་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་བསྐྲུན་ཆེད་འབད་བརྩོན་བྱེད་དགོས་པ་དང་། མགོན་པོ་གང་ཉིད་མཆོག་སྐུ་འཚོ་བཞུགས་རིང་འཛམ་གླིང་འདིར་རྩོད་རྙོག་དང་དབྱེ་འབྱེད། འཐེན་འཁྱེར་སོགས་ཞི་ཞིང་། ཞི་བདེ་ལྡན་པའི་འཛམ་གླིང་ཞིག་གཟིགས་ཐུབ་པའི་ཐུགས་རེ་ཡོད་སྐོར་སོགས་ཀྱི་བཀའ་བསྩལ་བ་དང་། མཐར་དགེ་ལས་སློབ་ཕྲུག་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་རྗེས་སྐུ་པར་མཉམ་སྒྲོན་གནང་སྟེ་མཛད་རིམ་ལེགས་པར་གྲུབ་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།