༸རྒྱལ་བ་སྨན་རིའི་ཁྲི་འཛིན་སྐུ་གཤེགས་ཡོད་པ་རེད།

ཟླ་འདིའི་ཚེས་༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༦ དང་སྐར་མ་༢༥ སྟེང་བོན་ཀྱི་དབུ་ཁྲིད་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་མཆོག་རྒྱ་གར་སོ་ལན་དུ་རྟེན་གཞི་བྱས་པའི་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་ཐིམ་སོང་བའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་ཡོད་པ་རེད།

དེ་ཡང་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ནི། རྒྱལ་བ་གཤེན་གྱི་འབྱུང་༣༠༡ བོད་ས་མོ་སྦྲུལ་གྱི་ལོ་ཕྱི་ལོ་༡༩༢༩ ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་བོད་མདོ་སྨད་ཤར་ཁོག་ཏུ་ལྗོངས་ལྡོང་ཚང་ཞེས་པའི་དུད་ཁྱིམ་ཆེན་པོ་དེར་ཡབ་ལྗོངས་ལྡོང་རྒྱལ་ལོ་དང་ཡུམ་བར་རོང་བཟའ་མཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་མཚན་ལ་བླ་མ་ཐར་ཞེས་གསོལ།

དགུང་ལོ་ཆུང་ཆུང་སྐབས་ནས་སློབ་གཉེར་གནང་བ་དང་། དགུང་ལོ་༡༦ ཐོག་དགའ་མལ་དགོན་གྱི་དཔོན་སློབ་ཤེས་རབ་ཕུན་ཚོགས་མཆོག་གིས་མཚན་ལམ་དང་རྟེན་འབྲེལ་སོགས་ལ་བརྟེན་ནས་མཚན་ལ་ཤེས་རབ་ཚུལ་ཁྲིམས་སུ་གསོལ། སྐབས་ཤིག་ཏུ་སྐྱབས་རྗེ་མཆོག་མཁའ་ཡགས་མཁས་པའི་ཡང་སྤྲུལ་ཡིན་ཞེས་སྐྱེ་བོ་ཀུན་ལ་གྲགས་ནའང་རིན་པོ་ཆེ་ཁོང་གིས་ངོས་བཞེས་མཛད་མེད་ཀྱང་གསུངས་པ་ཐོས། ༡༩༤༥ དགུང་གྲངས་བཅུ་བདུན་ཐོག་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་སྐར་དང་བསྟུན་ཏེ་སྐྱང་ཚང་བླ་མ་ཤེས་རབ་བསྟན་པའི་རྒྱལ་མཚན་གྱི་སྐུ་མདུན་ནས་གཙང་གཙུག་ཉེར་ལྔའི་སྡོམ་པ་མནོས་ཤིང་མཚན་ལ་ཤེས་རབ་རྣམ་དག་ཏུ་གསོལ། ༡༩༥༣ དགུང་གྲངས་ཉེར་ལྔའི་ཐོག་གཡུང་དྲུང་བོན་གྱི་གཞུང་བཀའ་པོད་དྲུག་ལ་དམ་བཅའ་བཞག་ཅིང་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་བཞེས།
༡༩༥༦ དགུང་གྲངས་ཉེར་བརྒྱད་ཐོག་རྫ་ཨ་བྲག་ཏུ་ཨ་ལགས་སྣང་གསལ་ནམ་མཁའ་རྒྱལ་མཚན་ཞེས་སྙན་པར་གྲགས་པའི་བླ་མ་དམ་པ་དེའི་དྲུང་ནས་དབང་ལུང་མང་དུ་ཞུས་ཤིང༌། དེ་མཚམས་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་དུ་ཕེབས་ཏེ་ལམ་ལྷ་དཔོན་སློབ་ཀྱི་མདུན་ནས་གྲྭ་སའི་སྒྲིག་སྲོལ་ལྟར་གཙང་གཙུག་གི་སྡོམ་པ་ཞུས་ཤིང་མཚན་ལ་སངས་རྒྱས་བསྟན་འཛིན་དུ་གསོལ།
༡༩༦༠ དགུང་གྲངས་སོ་གཉིས་ཐོག་རྒྱ་གར་ཕྱོགས་སུ་ཕེབས་སྐབས་ལམ་བར་དུ་བལ་བོད་ས་མཚམས་ཀྱི་གློ་ཆུ་མིག་བརྒྱ་རྩ་དང༌། ཀླུ་བྲག་དགོན། རྫོང་གསར་པ། དོལ་པོ་ཚྭ་དགའ། རྟ་རབ་སྲིབ་ཕྱོགས། བསམ་གླིང་དགོན་པ། མཚོ་སྤུངས་མོ། བར་གླེ་སོགས་སུ་ཕེབས་ནས་དེར་བཞུགས་བླ་མ་རྣམས་ཀྱི་དྲུང་ནས་རྩ་ཆེའི་དབང་ལུང་མང་པོ་ཞུས། དེ་སྐབས་རིན་བྲལ་གྱི་གསུང་རབ་དུ་མའང་གཡར་ཞུས་མཛད་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་འཕྲུལ་དཔར་དུ་བཏབ་པ་མ་ཟད། གསུང་རབ་རྣམས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དུ་མའི་དཔེ་མཛོད་དང་རིག་གཞུང་གི་བསྟི་གནས་གལ་ཆེན་ཁག་ཏུ་འགྲེམས་སྤེལ་ཡང་མཛད།

༡༩༦༡ དགུང་གྲངས་སོ་གསུམ་ཐོག་དབྱིན་ཇིའི་མཁས་དབང་བདེ་གསལ་དགེ་རབ་(Prof. David Snellgrove) ཀྱིས་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་(London) གྱི་གཙུག་ལག་སློབ་གཉེར་ཁང་ཆེན་མོར་དགེ་རྒན་གནང་རྒྱུའི་རེ་སྐུལ་ཞུས་པ་བཞིན་དབྱིན་ཡུལ་དུ་ཕེབས་ཏེ། སློབ་གཉེར་ཁང་དེར་བོད་དང་བོན་གྱི་རིག་གཞུང་འཆད་ཁྲིད་ཀྱི་ཞོར་དུ་དབྱིན་ཇིའི་སྐད་ཡིག་ལ་སྦྱངས་བརྩོན་གནང་སྟེ་ལོ་གསུམ་ཙམ་བཞུགས།

༡༩༦༣ དགུང་གྲངས་སོ་ལྔའི་ཐོག་ཕྱིར་རྒྱ་གར་དུ་ཕེབས། གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་སུ་རི་(Mussoorie) རུ་ཡོད་པའི་བྱེས་འབྱོར་བོད་མིའི་སློབ་གྲྭ་ཐོག་མ་དེའི་དགེ་རྒན་ཆེན་མོར་བསྐོ་བཞག་མཛད་པས། བར་སྐབས་སུ་སློབ་གྲྭ་རྒྱ་བསྐྱེད་དང་མཐུན་རྐྱེན་སོགས་ཀྱི་དགོས་དམིགས་ལ་བརྟེན་ནས་སློབ་གྲྭ་དེ་རྒྱ་གར་ལྷོ་ཕྱོགས་སུ་སྤོ་རྒྱུའི་གྲྭ་སྒྲིག་གཏན་འཁེལ་བྱུང་མོད་ཀྱང༌། གཞན་གྱི་ཕྲག་དོག་གི་རྐྱེན་ངན་མང་པོ་ཞིག་ལ་བརྟེན་ནས་ལས་རིམ་དེ་དག་འགྲུབ་མ་ཐུབ་པ་མ་ཟད། ཁོང་གི་སྐུ་སྲོག་ལའང་ཉེན་ཁ་བྱུང་སྟེ་གནས་སྐབས་སུ་ཉེན་ཡོལ་ཆེད་ནོར་ཝེ་(Norway) རུ་བསྐྱོད་དེ་ཨོ་སུ་ལོ་མཐོ་སློབ་(University of Oslo) ཏུ་ལོ་གཉིས་རིང་དགེ་རྒན་གྱི་ཕྱག་ལས་གནང་ནས་བཞུགས།

༧གོང་ས་མཆོག་ལ་མཇལ་ཁ་ཞུ་སྐབས།

༡༩༦༩ དགུང་གྲངས་བཞི་བཅུའི་ཐོག་བོན་གཞིས་ཐོབ་རྒྱལ་གསར་པ་རུ་གཡུང་དྲུང་གླིང་གི་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་མཆོག་དང༌། གཙང་སྨན་རིའི་དགོན་གྱི་ཡོངས་འཛིན་རྣམ་གཉིས་ཀྱིས་གཙོས་པའི་ཕྱོགས་མཐའ་ཁག་ནས་འཛོམས་པའི་བོན་གྱི་བླ་སྤྲུལ་རྣམས་ཀྱིས་སྔར་སྲོལ་ལྟར་བོན་སྐྱོང་གནད་སྒྲུབ་ཀྱིས་ཟན་རྟགས་བསྒྲིལ་ཏེ་ཁོང་ཉིད་སྨན་རིའི་ཁྲི་འཛིན་སོ་གསུམ་པར་བོན་སྐྱོང་བཀའ་སྲུང་གི་ལུང་རྟགས་སུ་བབས་པས། རྒྱལ་བ་མཉམ་མེད་ཆེན་པོའི་རྒྱལ་ཐེབས་ཀྱི་ཁྲི་རུ་མངའ་གསོལ་གྱིས་མཚན་ལ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་ཞེས་སུ་གསོལ།
༡༩༧༠དགུང་གྲངས་ཞེ་གཉིས་ཐོག་བོན་གཞིས་ཐོབ་རྒྱལ་གསར་པའི་གནས་སུ་“དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགོན་སྡེ་”ཕྱག་འདེབས་ཀྱིས་གཙུག་ལག་ཁང་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་བཞེངས་བསྐྲུན་མཛད་དེ། གྲྭ་ས་གོང་མའི་ཕྱག་སྲོལ་བཟང་པོ་རྣམས་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་མཛད་པ་ངལ་མེད་དུ་བསྐྱངས།

༡༩༧༨ དགུང་གྲངས་ལྔ་བཅུའི་ཐོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་“གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་”གསར་དུ་བཙུགས་ནས་ཐུན་མིན་མདོ་སྔགས་སེམས་གསུམ་དང་ཐུན་མོང་རིག་གནས་ཀུན་ལ་འཆད་ཉན་བྱས་ཏེ་མཐར་རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་འབུལ་བའི་བཅའ་སྒྲིག་གཏན་འབེབས་མཛད། ༡༩༨༧ དགུང་གྲངས་ང་དགུའི་ཐོག་ཝཱ་ར་ཎ་སིའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ལྷན་ཚོགས་དང་བཀའ་བགྲོས་གནང་སྟེ་སློབ་གཉེར་ཁང་དུ་“གཡུང་དྲུང་བོན་གྱི་དགེ་སློབ་ཁང་”གསར་འཛུགས་མཛད།
༡༩༨༨ དགུང་གྲངས་དྲུག་ཅུའི་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོན་གཞིས་ཐོབ་རྒྱལ་གསར་པར་གདན་འདྲེན་ཞུས་ཏེ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆད་ཉན་གྱི་འབྲས་རྟགས་རྣམས་སྤྱན་སྔར་བསྟར་བས་༧གོང་ས་༧མཆོག་གིས་ཐུགས་སྣང་ཆེན་པོས་ཞིབ་གཟིགས་ཀྱིས་དགྱེས་ཉམས་དང་བཅས་འདི་ནས་བསླབ་པ་མཐར་སོན་པའི་དགེ་བཤེས་རྣམས་ལ་ངོས་བཞེས་ཕྱག་རྟགས་བསྩལ་རྒྱུའི་ཞལ་བཞེས་ཀྱང་ཐོབ། ལོ་དེར་ཕྱོགས་མཐའ་ནས་སླེབས་པའི་བོན་ཕྲུག་ཕོ་མོ་དབྱེར་མེད་བཞུགས་ཡུལ་“བོན་བུ་ཁྱིམ་ཁང་”ཡང་གསར་དུ་བཙུགས་གནང་། ༡༩༩༢ དགུང་གྲངས་རེ་བཞིའི་ཐོག་རྒྱལ་བ་མཉམ་མེད་ཆེན་པོའི་འཁྲུངས་མཆོད་ཉིན་ཡང་སྟོན་དགེ་བཤེས་འཕྲིན་ལས་ཉི་མ་མཆོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་སློབ་རིན་པོ་ཆེའི་བཞུགས་ཁྲིར་མངའ་གསོལ་མཛད།

༡༩༩༤ དགུང་གྲངས་རེ་དྲུག་ཐོག་༧སྐྱབས་རྗེ་མཆོག་བོད་གངས་ཅན་ལྗོངས་སུ་ཐོག་མར་ཆིབས་བསྒྱུར་བསྐྱངས་ཏེ་གྲྭ་ས་གོང་མ་༧བཀྲ་ཤིས་སྨན་རིའི་གླིང་དུ་རྒྱལ་བ་མཉམ་མེད་ཆེན་པོའི་གསེར་ཁྲིར་མངའ་གསོལ་གྱི་རྟེན་འབྲེལ་མཛད་ཅིང༌། གཞན་ཡང་བོད་ཡུལ་སྟོད་སྨད་བར་གསུམ་ཀུན་ཏུ་ཕེབས་ནས་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་ལ་དབང་ལུང་མན་ངག་གི་གདམས་ཟབ་མང་དུ་གནང་སྟེ་སྐྱེ་འགྲོའི་ཡིད་ཀྱི་ཞིང་སར་ཐར་པའི་ས་བོན་ཡོངས་སུ་བསྐྲུན།
༡༩༩༧ དགུང་གྲངས་རེ་དགུའི་ཐོག་ྋདཔལ་གཤེན་བསྟན་སྨན་རིའི་གླིང་དུ་“གཡས་རུའི་འཆད་རྩོད་ཆེན་མོ་”དབུ་འཛུགས་གནང་སྟེ། དགུན་ཟླ་གཅིག་གི་རིང་དམིགས་བསལ་གཡས་རུའི་སྟོན་པ་རྣམས་ཀྱིས་མཛད་པའི་གཞུང་ལུགས་ཁག་ལ་འཆད་ཉན་མཛད་རྒྱུའི་སྲོལ་རྒྱུན་བསྟུད།
༢༠༠༡ དགུང་གྲངས་དོན་གསུམ་ཐོག་རྗེ་རུ་དགེ་བཤེས་བསྟན་པ་གཡུང་དྲུང་མཆོག་བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེའི་བཞུགས་ཁྲིར་མངའ་གསོལ་ཞིང༌། ལོ་དེར་བོན་གཞིས་ཐོབ་རྒྱལ་གསར་པའི་ལྷོ་ངོས་སུ་“བཙུན་དགོན་རད་ན་སྨན་གླིང་”ཕྱག་བཏབས་གནང་།
༢༠༠༥ བོན་གཞིས་སུ་“གསང་སྔགས་སྒོམ་སྒྲུབ་གླིང་”ཕྱག་བཏབས་གནང་པ་དང་། ༢༠༡༡ལོར་ལེགས་འགྲུབ་བྱུང་ནས་ད་ལྟ་བོན་གཞིས་དགེ་བསྙེན་སྔགས་པ་རྣམས་ཀྱིས་དགེ་སྒྲུབ་བཞུགས་གནས་དང་། བོན་གྱི་དུས་ཆེན་ཁག་སྲུང་བརྩི་ཞུ་བཞིན་ཡོད།
༢༠༠༧ དགུང་གྲངས་དོན་དགུའི་ཐོག་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་“གཡུང་དྲུང་བོན་གྱི་དཔེ་མཛོད་ཆེན་མོ་”ཡོངས་སུ་བཞེངས་བསྐྲུན་གྲུབ་སྟེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་འབྱེད་མཛད་སྒོའི་ཚོགས་མགོན་དུ་གདན་འདྲེན་ཞུས།
༢༠༡༤ དགུང་གྲངས་གྱ་དྲུག་ཐོག་བོན་གཞིས་སུ་“གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་”གསར་འཛུགས་གནང་ཞིང་ལོ་དེར་འགན་འཛིན་ལྷན་ཚོགས་སོགས་བཀོད་ཅིང་ད་ལྟ་སློབ་ཕྲུག་ཀྱང་གྲངས་བཅོ་ལྔ་ཙམ་ཡོད་པ་མ་ཟད་དབུས་གསོ་བ་རིག་པའི་ལྷན་ཚོགས་སུ་ཚད་ལྡན་དེབ་སྐྱེལ་ཡང་ཞུས་ཟིན་པ་ལྟར་ཡིན།
༢༠༡༧ དགུང་གྲངས་གྱ་དགུ་བཞེས་ཐོག་བོད་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་ཧོར་ཟླ་བདུན་པའི་ཚེས་ཉེར་བཞི་ཉིན་སྟེ། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༢༥ ཐོག་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་བྲང་དུ་ཁྱད་དུ་འཕགས་པའི་ཐུགས་དམ་གཡོ་བ་མེད་པའི་ངང་ནས་དགོངས་པ་བོན་དབྱིངས་སུ་གཟིགས་གནང་མཛད།། ཁོང་གི་མཛད་རྣམ་འདི་གཡུང་དྲུང་བོན་གྱི་དྲ་བ་ལས་བསྡུས་ཏེ་སྤེལ་བ་ཡིན།

གསར་འགོད་པ་ཆོས་ཉིད་འོད་ཟེར།