༸རྒྱལ་བའི་གོ་སྟོན་དང་བསྟུན་བོད་ནང་དམ་དྲག་ཤུགས་ཆེ་བྱས་ཏེ་བོད་མི་མང་པོ་འཛིན་བཟུང་བྱས་འདུག

ཟླ་འདིིའི་ཚེས་༡༤ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་གནས་ཚུལ་ལྟར་ན། ད་ལོ་༧གོང་ས་མཆོག་གི་༧སྐུའི་གོ་སྟོན་སྐབས། རྒྱ་གཞུང་གིས་ཁམས་དཀར་མཛེས་དགོན་གྱི་གྲྭ་བཙུན་རྣམས་དགོན་པའི་ཕྱི་ལ་མ་བཏང་བར་ཉེན་རྟོག་པས་ལྟ་སྲུང་བྱས་ཡོད་པ་མ་ཟད། དཀར་མཛེས་ཁུལ་དུ་གྲོང་པ་རྣམས་ཀྱི་ཁང་ཐོག་ནས་དུ་བ་མི་འཕྱུར་བའི་ཆེད། ཁྱིམ་དུ་མེ་གཏོང་མི་ཆོག་པ་ཡང་བཟོས་ཡོད་པ་དང་། ལྷག་པར་དུ་དཀར་མཛེས་ས་ཁུལ་བྲག་མགོ་རྫོང་གི་ནང་དམ་དྲག་ཤུགས་ཆེ་བྱས་ཤིང་།ས་ཁུལ་ཁ་ཤས་ནང་ཕྱི་ཟླ་༧ ཚེས་༢༣ བར་མི་ཚོགས་འཛོམས་ཆོག་གི་མེད་པའི་བརྡ་ཁྱབ་བཏང་ཡོད་པར་བརྗོད་འདུག་ལ།

པར། རོའུ་ཊར།

དེ་བཞིན་མདོ་སྨད་འབའ་རྫོང་དང་ཟི་ལིང་ཁུལ་ནས་བོད་མི་འགའ་ཞིག་འཛིན་བཟུང་བཀག་ཉར་བྱས་པའི་ཁྲོད་རེ་འགའ་རྫོང་རྒྱལ་སྲུང་གཞུང་ལས་ཁང་ནང་བཀག་ཡོད་འདུག ༸གོང་ས་མཆོག་གི་༸སྐུའི་གོ་སྟོན་གྱི་སྔོན་ཚུད་ནས་བོད་ཀྱི་ས་ཁུལ་གང་སར་དམ་དྲག་ཤུགས་ཆེ་བྱས་ཡོད་པ་མ་ཟད། ས་ཁུལ་མང་པོའི་ནང་བོད་མི་གང་བྱུང་འཛིན་བཟུང་བྱས་ཏེ། ནང་མིས་མ་ཤེས་པའི་སར་བཀག་ཉར་བྱས་པ་དང་། ཕྱི་ཕྱོགས་སུ་འབྲེལ་བ་གང་ཡང་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་གསུང་མཁན་ཡང་བྱུང་ཡོད་འདུག ཕྱོགས་མཚུངས་༸སྐུའི་གོ་སྟོན་སྔོན་ཙམ། བྷི་བྷི་སིའི་གསར་འགོད་པ་བོད་རྔ་པ་ཀིརྟི་དགོན་པར་སོང་སྟེ། གྲྭ་པ་འགར་བོད་ནང་གི་གནད་དོན་སྐོར་བཅར་འདྲི་བྱས་རྗེས་དགོན་པའི་གྲྭ་པ་མང་པོར་རྒྱ་གཞུང་ནས་འདྲི་རྩད་བྱས་པ་ཡང་བྱུང་བའི་སྐོར།

ཕྱི་ཟླ་ ༧ པའི་ནང་རྒྱ་གཞུང་གིས་ཀིརྟིའི་དགོན་པ་ཁག་ལ་དམ་དྲག་ཤུགས་ཆེ་བྱས་ཤིང་། ཕྱི་ལོ་༢༠༢༥ ཟླ་༧ ཚེས་༡༣ ཉིན་ནས་རྔ་བ་རྫོང་ཁོངས་ཀྱི་རྔ་བ་ཀིརྟི་དགོན་དང་། མཛོད་དགེ་རྫོང་ཁོངས་ཀྱི་སྟག་ཚང་ལྷ་མོ་ཀིརྟི་དགོན། འབར་ཁམས་རྫོང་ཁོངས་ཀྱི་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་བཅས། ཀིརྟིའི་དགོན་སྡེ་ཆེ་ཁག་ནང་རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ། ཀིརྟི་རིན་པོ་ཆེའི་སྐུ་པར་ཕྱིར་བསྡུ་བྱས་བཅུག་ཡོད་པ།

དུས་དེ་ནས་དགོན་ཁག་དེ་དག་ནང་ཀིརྟི་རིན་པོ་ཆེའི་སྐུ་པར་སྒྲིག་གཤོམ་བྱས་ཚེ། ཆབ་སྲིད་ཀྱི་ནག་ཉེས་ལ་བརྩི་རྒྱུ་ཡིན་སྐོར་གྱི་འཇིགས་སྐུལ་ཡང་བྱས་ཡོད་པ། དགོན་སྡེ་དེ་དག་ལས་ཧོར་གཙང་ཀིརྟི་དགོན་ལ་མཚོན་ན། ཀིརྟིའི་གདན་ས་ཆེ་ཁག་བཞིའི་ཡ་གྱལ་ཞིག་ཡིན་ཞིང་། དེང་གི་ཆར་རྒྱ་གཞུང་གིས་བཅད་བགོས་བྱས་པའི་ས་ཁོངས་ལྟར་ན། ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་ཁོངས་ནས་ཡིན་ཞིང་། དགོན་པ་དེར་ཟླ་ཤས་གོང་ནས་ཀིརྟི་རིན་པོ་ཆེའི་སྐུ་པར་སྒྲིག་གཤོམ་བྱེད་པར་བཀག་འགོག་བྱས་པ་དང་། ཁུལ་དེའི་མི་ཚང་སྒེར་དང་། གྲྭ་ཤག་སོགས་ལ་ཡང་རིན་པོ་ཆེའི་སྐུ་པར་སྒྲིག་གཤོམ་མི་ཆོག་པའི་དམ་དྲག་བྱས་འདུག

ལྷག་པར་མཚན་ཉིད་སློབ་གཉེར་ཡོད་པའི་ཀིརྟིའི་དགོན་སྡེ་ཆེ་ཁག་བཞིའི་མི་སྣ་ཐུན་མོང་ལས་གྲུབ་པ་སྟེ། ཀིརྟིའི་དགོན་ཁག་གི་སྤྱི་ཁྱབ་ནང་བསྟན་ཤེས་ཡོན་འགན་འཛིན་ལྷན་ཚོགས། ཞེས་པ་དེ་ཉིད་རྒྱ་གཞུང་ནས་ཀིརྟི་རིན་པོ་ཆེ་དང་འབྲེལ་བ་ཡོད་ལུགས་བརྗོད་དེ་སྒོ་བརྒྱབ་ཡོད་པས་མཚོན། གང་ལྟར་ཀིརྟི་རིན་པོ་ཆེའི་སྐུ་པར་སྒྲིག་གཤོམ་མི་ཆོག་པར་བཀག་སྡོམ་བྱས་པའི་ལས་འགུལ་དེ་ནི། རྔ་པ་རང་སྐྱོང་ཁུལ་དང་། ཟི་ཁྲོན་ཞིང་ཆེན། ས་གནས་རྫོང་ཁག་སོ་སོས་མཉམ་རུབ་ངང་སྤེལ་པའི་ལས་འགུལ་ཞིག་ཡིན་འདུག་པ་དང་།

གོ་སྟོན་གྱི་སྔོན་ཚུད་ནས་མཚོ་སྔོན་གྱི་ཕྱོགས་སུ་དམ་དྲག་གིས་མཚོ་སྔོན་བོད་རིགས་ས་ཁུལ་འགའ་ཞིག་ནང་ཕྱི་ཕྱོགས་ནས་འབྱོར་བའི་བོད་རིགས་སུ་འདྲ་ཞིག་ཡིན་རུང་། རྒྱ་ནག་གཞུང་ནས་རྒྱུ་མཚན་གང་ཡང་མི་རྗོད་པར་དགོན་སྡེ་ཁག་གི་ནང་འགྲོ་སྐྱོད་མི་ཆོག་པར་བཤད་འདུག་ལ། མཚོ་སྔོན་ཞིང་ཆེན་གྱི་ཡ་རྫི་རྫོང་གི་དགོན་པའི་ནང་གྲྭ་པ་ལྔ་ལས་ལྷག་མཉམ་སྐྱོད་ཆོག་གི་མེད་པའི་དམ་དྲག་ཀྱང་བྱས་འདུག་ཅིང་། ས་ཁུལ་དེའི་ནང་བོད་མི་གྲངས་ཉིས་བརྒྱ་ལྷག་ཙམ་ལ་གོ་སྟོན་དང་འབྲེལ་བའི་ཐད་འདྲི་རྩད་ཀྱང་བྱས་འདུག

མཚོ་བྱང་ཁུལ་གྱི་རྐང་ཚ་རྫོང་དུ་བཞུགས་མཁན་རྣམས་ལ་མཚོན་ན། གོ་སྟོན་སྐབས་སུ་མི་སྒེར་གྱི་སྐྱེ་སྐར་གཏོང་སྐབས། རྒྱ་གཞུང་ནས་ངོ་སྤྲོད་ལག་འཁྱེར་ཞིབ་འཇུག་བྱས་འདུག་ལ། སྤྱི་བདེ་ལས་ཁུངས་སུ་སྒེར་གྱི་སྐྱེས་སྐར་གཏོང་བའི་བདེན་དཔང་ཆེད་འདྲ་པར་སོགས་བཏང་དགོས་བྱུང་བ་ཡང་འདུག ཕྱི་ལོ་༢༠༢༥ ཟླ་བ་༧ ཚེས་༢༥ ཉིན། འབྲེལ་ཡོད་ཅིག་གིས་གསུངས་པར་གཞིགས་ན། རྒྱ་གཞུང་གིས་གཅན་ཚ་རྫོང་སྣང་ར་ཤང་གི་བོད་མི་གཉིས་འཛིན་བཟུང་བྱས་ཏེ། ཞིབ་འཇུག་བྱེད་ཀྱི་ཡོད་སྐོར་བཤད་པ་ལས་འཛིན་བཟུང་བྱེད་དགོས་དོན་གང་ཡིན་ཁ་གསལ་མི་བཤད་པའི་ཁར། འཛིན་བཟུང་བྱས་པའི་བོད་མི་དེ་གཉིས་ད་ཆ་གང་དུ་ཡོད་མེད་ཤེས་ཀྱི་མེད་པ་འགྲེལ་བརྗོད་གནང་བ།

དེ་བཞིན་འབྲེལ་ཡོད་ཅིག་ནས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནང་དྲག་ཆས་ཉེན་རྟོག་པ་གང་མང་འགྲེམས་འཇོག་བྱས་འདུག་ཅིང་། ༼བོད་ཀྱི་གནས་ཚུལ་ཐུགས་སྣང་ཡོད་མཁན་མང་པོ་གཅིག་གིས་འདི་ལོར་གོ་སྟོན་སྐབས་ལྷ་སར་དམག་མི་རུ་སྒྲིག་བཏང་བའི་འདྲ་པར་མང་པོ་མཐོང་རྒྱུ་འདུག༽ མལ་གྲོ་གུང་དཀར་ནང་ཡིན་ཚེ། རྒྱ་གཞུང་ནས་བོད་མིའི་སྡོད་ཁང་ཁག་གི་ནང་བསང་གཏང་མ་ཆོག་པའི་བརྡ་སྤྲད་ཡོད་པ་ཡང་གསུངས་བྱུང་ཞེས་བཀོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།