༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་གི་རྗེས་དྲན་མཛད་སྒོ་འཚོགས་གནང་སོང་།

འདི་ལོར་རྡོ་རྗེ་གདན་དུ་༧གོང་ས་མཆོག་གི་གསུང་ཆོས་དང་སྟབས་བསྟུན་ནས། ཕྱི་ཚེས་༢༩ ཉིན་རྡོ་རྗེ་གདན་དུ་ཡོད་པའི་མ་ཧ་བྷོ་དྷིའི་རིག་གཞུང་ལྟེ་གནས་ཁང་གི་ཚོགས་ཁང་དུ་༧ སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་མྱ་ངན་ལས་འདས་ནས་མི་ལོ་༥༥༠ འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོ་འཚོགས་གནང་སོང་། མཛད་སྒོའི་ཐོག་ས་སྐྱ་༸གོང་མ་ཁྲི་ཆེན་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ། དེ་བཞིན་བྱང་རྗེ་ཆོས་རྗེ་རིན་པོ་ཆེས་དབུས་པའི་བསྟན་བདག་བླ་ཆེན་རྣམས་དང་མཁན་པོ་དགེ་བཤེས། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། བཀའ་ཟུར་ཁག་ཅིག དད་ལྡན་ཆོས་ཞུ་བ་སེར་སྐྱ་མི་མང་༢༠༠༠ ཙམ་ཕེབས་གནང་འདུག མཛད་སྒོ་དབུ་འཛུགས་སྐབས་སུ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་གི་རྣམ་ཐར་དང་འབྲེལ་བའི་གློག་བརྙན་ཞིག་བསྟན་གནང་བ་དང་། དེ་བཞིན་ཁོང་གི་གསུང་འབུམ་ཕྱོགས་བསྒྲིགས་ཀྱི་དེབ་གཅིག་ཀྱང་དབུ་འབྱེད་གནང་སོང་། འཇམ་དབྱངས་གཙང་པ་བདུན་བརྒྱུད་ཀྱི་ལྔ་པ་རྗེ་ཙོང་ཁ་པའི་དངོས་སློབ་སྙན་བརྒྱུད་བསྟན་པའི་མངའ་བདག་ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་ནི་ཕྱི་ལོ་༡༤༠༢ལོར་པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེའི་གཅུང་པོར་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས། རྗེ་རིན་པོ་ཡབ་སྲས་ཀྱི་ཞབས་ལ་གཏུགས་ནས་རྒྱལ་བའི་བཀའ་དགོངས་འགྲེལ་དང་བཅས་པར་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། གཙང་བ་སོར་སྒྲུབ་པ་མཛད་དེ་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པས་བ་སོ་ཆོས་རྗེར་གྲགས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་སྙིགས་དུས་ཚེ་ཐུང་གཅིག་ལ་ཟབ་ལམ་བླ་མ་ལྷའི་རྣལ་འབྱོར་གྱི་སྒོ་ནས་མྱུར་བ་མྱུར་བར་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་ཐབས་ཤིན་ཏུ་གསང་བའི་སྙན་བརྒྱུད་མན་ངག་ཡོངས་རྫོགས་སྤྲུལ་པའི་གླེགས་བམ་ཆེན་མོ་དང་བཅས་པ་རྗེ་ཙོང་ཁ་པ་ཆེན་པོར་གནང། རྗེ་རིན་པོ་ཆེས་དེ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དང་། མཁས་གྲུབ་རིན་པོ་ཆེར་གནང་། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་གནང་བ་ལྟར་རྗེ་བ་སོ་ཆོས་རྒྱན་ཁོ་ནར་གནང་སྟེ་ཤིན་ཏུ་གསང་བ་དགོས་པ་ཆིག་བརྒྱུད་དུ་བཀས་རྒྱས་བཏབ། མཁས་གྲུབ་རྗེས་ཀྱང་སྙན་བརྒྱུད་ཀྱི་མན་ངག་བ་སོ་ཆོས་རྒྱན་ཁོ་ནར་གནང་བས་རྗེ་བ་སོ་འདི་པ་དབེན་ས་སྙན་བརྒྱུད་ཀྱི་བསྟན་པའི་བདག་པོ་དང་།ཡང་རྗེ་བཙུན་འཇམ་དཔལ་དབྱངས་ནས་བརྒྱུད་དེ་རྗེ་ཙོང་ཁ་པས་རྟོགས་ལྡན་འཇམ་དཔལ་རྒྱ་མཚོར་གནང་བའི་ཟབ་ལམ་གཅོད་ཀྱི་མན་ངག་ཞལ་ཤེས་ཀྱི་དྲོད་མ་ཡལ་བར་རྟོགས་ལྡན་པས་བ་སོ་ཆོས་རྒྱན་ལ་ནན་གྱིས་གཏད་པས་རྗེ་འདི་པ་ནི་ཟབ་ལམ་གཅོད་ཀྱི་བསྟན་པའི་མངའ་བདག་ཏུའང་གྱུར་ཏོ། །རྗེ་དེ་ཉིད་འཁོར་བའི་བྱ་བ་མཐའ་དག་སྤངས་ཏེ་གཙོ་བོར་སྙན་བརྒྱུད་ཀྱི་མན་ངག་ལ་བརྟེན་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་དགོངས་པའི་སྐབས། རྗེ་ཙོང་ཁ་པ་ཆེན་པོ་དང་རྡོ་རྗེ་རྣལ་འབྱོར་མས་རྗེ་ཉིད་དགའ་ལྡན་གསེར་ཁྲིར་ཕེབས་ན་བསྟན་པ་ལ་རྒྱ་ཆེར་ཕན་པའི་ལུང་བསྟན་བྱུང་། སྐབས་དེར་དགའ་ལྡན་ཁྲི་ཐོག་ལྔ་པ་རྗེ་བློ་གྲོས་ཆོས་སྐྱོང་ཁྲི་ལས་བཤོལ་ནས་བྱ་བྲལ་དུ་ཕེབས་བཞེད་སྐབས་ཁྲི་ཐོག་ལྔ་པ་སོགས་ནས་རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་དགའ་ལྡན་གསེར་ཁྲིར་གདན་དྲངས་ཀྱང༌། རྗེ་དགེ་འདུན་གྲུབ་པས་ཞལ་གྱིས་མ་བཞེས་པར་མཁས་གྲུབ་ཆོས་རྗེའི་གཅུང་པོ་བ་སོ་ཆོས་ཀྱི་རྒྱལ་མཚན་ཁོང་ལུང་རྟོགས་ཀྱི་ཡོན་ཏན་བླ་ན་མེད་ཅིང་འཕྲིན་ལས་ཀྱི་འོད་སྣང་གང་སར་ཁྱབ་པས་དགའ་ལྡན་གསེར་ཁྲིར་གདན་དྲོངས་ཞེས་གསུངས་པ་ལྟར། ཆོས་རྗེ་བློ་ གྲོས་ཆོས་སྐྱོང་དང། རྒྱལ་བ་དགེ་འདུན་གྲུབ་པ་སོགས་ཀྱི་ཐུགས་རེ་བཞིན་དགའ་ལྡན་ཁྲི་ཐོག་དྲུག་པར་ཕེབས་པར་ཞལ་བཞེས་གནང་། སྐབས་དེར་བཀྲ་ཤིས་ལྷུན་པོར་གདན་དྲངས་ནས་རྒྱལ་བ་དགེ་འདུན་གྲུབ་ཀྱི་ཞལ་ནས་ད་ལམ་ཉིད་རྗེ་བཙུན་ཙོང་ཁ་པའི་གདན་སར་ཕེབས་པ་ལ་ངེད་ནས་ཕྱག་བགྱི་པས་ཕྱག་ལན་མ་མཛད་ཅིག་ཅེས་བསྒོས་ནས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་འཁོར་དང་བཅས་པས་ཕྱག་མཛད། དེ་ནས་རིམ་གྱིས་ཕེབས་ཏེ་ ༡༤༦༣ ལོར་དགའ་ལྡན་གསེར་ཁྲིར་ཕེབས། དགའ་ལྡན་གསེར་ཁྲི་ལོ་ངོ་བཅུ་གཅིག་སྐྱོང་རིང་སྐལ་ལྡན་གྱི་གདུལ་བྱ་བགྲང་ལས་འདས་པར་རབ་བྱུང་བསྙེན་རྗོགས་དབང་ལུང་མན་ངག་མཐའ་ཡས་པ་བསྩལ་ཞིང་ལྷག་པར་བྱང་ཆུབ་ལམ་གྱི་རིམ་པའི་ཆོས་འཁོར་རྒྱ་ཆེར་བསྐོར་བར་མཛད་པས་པཎ་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་སྙན་པའི་གྲགས་པས་ཁྱབ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་ལས། དེས་ན་བྱང་ཆུབ་ལམ་གྱི་རིམ་པ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་སྙན་བརྒྱུད་གདམས་པའི་མཛོད་འཛིན་བ་སོ་ཆོས་ཀྱི་རྒྱལ་མཚན་ལ་གསོལ་བ་འདེབས་ཞེས་གསུངས་། ཁྱད་པར་འཇམ་དཔལ་དབྱངས་ཀྱི་ལུང་བསྟན་པ་ལྟར་སློབ་མ་གྲུབ་ཆེན་ཆོས་རྡོ་རྗེར་དགེ་ལྡན་སྙན་བརྒྱུད་ཀྱི་མན་ངག་སྤྲུལ་པའི་གླེགས་བམ་ཆེན་མོ་དང་བཅས་པ་ལྐོག་ཆོས་སུ་བསྩལ། གྲུབ་ཆེན་ཆོས་རྡོ་རྗེས་ཀྱང་ཐུགས་དམ་ཉམས་བཞེས་ཀྱི་མཐིལ་དུ་མཛད་པས་སྐུ་ཚེ་དེ་ཉིད་ལ་ཟུང་འཇུག་གི་གོ་འཕང་བརྙེས། གྲུབ་ཆེན་ཆོས་རྡོ་རྗེས་རྒྱལ་བ་དབེན་ས་པ་བློ་བཟང་དོན་གྲུབ་ལ་བསྩལ། དེས་མཁས་གྲུབ་སངས་རྒྱས་ཡེ་ཤེས་དང། དེས་པཎ་ཆེན་བློ་བཟང་ཆོས་རྒྱན་ལ་བསྩལ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་དེ་ལྟ་བུའི་མན་ངག་བླ་ན་མེད་པ་དེ་ཉམས་ན་ཆེས་ཕངས་པར་དགོངས་ནས་མན་ངག་དེ་ཉིད་སྙིང་པོར་བྱས་པའི་བླ་མཆོད་བདེ་སྟོང་དབྱེར་མེད་མ་དང་དགེ་ལྡན་ཕྱག་རྒྱ་ཆེན་པོའི་རྩ་འགྲེལ་མཛད། ཕྱི་ལོ་༡༤༧༣ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་མྱ་ངན་ལས་འདས། གསུང་རྩོམ་དབུ་མའི་ལྟ་མགུར་སོགས་མང་།གང་དེའི་སྐུ་ཕྲེང་ཕྱི་མ་རྣམས་སུའང་སྐུ་ཕྲེང་གཉིས་ཀྱིས་བོད་ཀྱི་རྒྱལ་ཚབ་འགྲན་བྲལ་ཐེངས་གཉིས་དང་། གསེར་བུམ་དཀྲུག་འདོན་མི་དགོས་པར་རྒྱལ་བ་སྐུ་ཕྲེང་དགུ་པ་དང་། བཅུ་གསུམ་པ་ཆེན་པོ་གཉིས་ངོས་འཛིན་གནང་བ་ཙམ་མ་ཟད། རྒྱལ་བ་གསེར་ཁྲིར་མངའ་གསོལ་ཞུས་ཤིང་། རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པ་དང་བཅུ་གསུམ་པའི་ཡོངས་འཛིན་ཀྱང་མཛད། གཞན་ཡང་རྒྱ་ནག་གོང་མ་དང་། སོག་པོའི་རྒྱལ་པོ་སོགས་ཀྱི་དབུ་བླ་དང་། པེ་ཅིང་ཡུང་ཧ་ཀོང་གི་མཁན་པོ་གནང་བ་བཅས་བོད་ཧོར་རྒྱ་གསུམ་དུ་བསྟན་འགྲོའི་མཛད་པ་རྒྱ་ཆེར་བསྐྱངས་སོ།། གསར་འགོད་པ་། བསོད་ནམས་ཕུན་ཚོགས།

Comments are closed.