༸རྒྱལ་བའི་འཁྲུངས་སྐར། གཡག་ཡ་སོ་ཅན་གྱི་གཏམ་རྒྱུད།

༸ རྒྱལ་བའི་འཁྲུངས་སྐར། གཡག་ཡ་སོ་ཅན་གྱི་གཏམ་རྒྱུད། ལག་དམར་བའི་སྤྱི་ཚོགས།

༢༠༡༦/༧/༧ སྙིང་མིག
མ་གཞི་མི་རིགས་འདི་གཡག་ལ་ཧ་ཅང་དགའ་བའི་མི་རིགས་ཤིག་རེད། མཛད་སྒོ་འགའ་ཞིག་ཏུ་གཡག་ལས་འོ་མ་བཞོས་པ། གཞིས་ཆགས་འགའ་ཞིག་ནས་གཡག་གི་ཞོ་འཐུང་བ། མཐོ་སློབ་འགའ་ཞིག་ལས་ཕོ་གཡག་མོ་གཡག་ལ་དཔྱད་པ། སྡིངས་ཆ་འགའ་ཞིག་ལས་སྦྲ་ནག་གཡག་གི་པགས་པས་བཟོས་རབས་གླེང་བ་སོགས་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་གཟི་བརྗིད་དུ་བརྩིས་ནའང་མ་ཆོག་རྒྱུ་ཅང་མེད་ལ། དེ་བས་ཀྱང་གཟི་བརྗིད་ཁོག་སྟོང་དུ་བརྩིས་ནའང་མ་ཆོག་རྒྱུ་མེད།

སྤྱིར་བཏང་༸ རྒྱལ་བའི་འཁྲུངས་སྐར་ནི་དུས་ཆེན་ཁག་ལས་གལ་ཆེ་ཤོས་བརྩི་སྲོལ་ཡོད་སྟབས། ཁ་རྩང་རྡ་སར་༸ རྒྱལ་བའི་འཁྲུངས་སྐར་སྐབས་སུ་གཡག་འཁྲབ་སྟོན་དེའང་ཆེས་དམིགས་བསལ་ཞིག་རེད། བོད་ལ་འཚར་ལོང་བྱུང་མཁན། བོད་ལ་ཆ་རྒྱུས་ཡོད་མཁན། ལྷག་པར་འབྲོག་ས་རང་ལ་ས་སྐྱེས་རྡོ་སྐྱེས་ཡིན་མཁན་གྱི་འབྲོག་པ་སུས་ཀྱང་མཐོང་མ་མྱོང་བའི་གཡག་ཡ་སོ་ཅན་དེ། དམིགས་བསལ་ནང་གི་དམིགས་བསལ་ཡིན་ཆོག

༸ རྒྱལ་བ་རིན་པོ་ཆེས་ཡང་ནས་ཡང་དུ་ང་ཚོའི་བཙན་བྱོལ་འདི་“འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཡིན„ ཞེས་གསུངས་མྱོང་བ་བཞིན། བཙན་བྱོལ་ནང་གི་གཡག་འདི་“འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་རེད་„ ཅེས་དྲ་ལམ་ཁག་ནས་གླེང་།

ལྷོ་ཕྱོགས་འབྲས་སྤུངས་སུ་བཏང་བའི་འཁྲུངས་སྐར་དང་། བྱང་ཕྱོགས་རྡ་སར་བཏང་བའི་འཁྲུངས་སྐར་སོགས་སུ་ཐ་ནའང་“ཁྱེད་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་„ཙམ་ཡང་ལབ་མཁན་མེད་པར། དབྱིན་སྐད་ཀྱི་ལམ་ནས་ Happy birthday to you ཞེས་འབོད་སྒྲ་སྒྲོག་པ་དང་། སྤྲི་གོར་ཡོད་ཚད་དབྱིན་ཡིག་གིས་གཡོགས་པ་ལས། བོད་ཀྱི་ཡིག་འབྲུ་ན་གཅིག་མཐོང་ཡ་མེད་པ་དེས་བཙན་བྱོལ་བའི་གདོང་རིས་ངོ་མ་མཚོན་འདུག

མ་གཞི་ད་ལོ་གཟི་བརྗིད་ཁོག་སྟོང་ཞེས་པའི་ཐ་སྙད་འདི་ཧ་ཅང་བྲིན་ཆེ་བས། དོན་ངོ་མར་ཐ་སྙད་འདིའི་འཇུག་ཡུལ་མ་ནོར་བ་ནི་བཙན་བྱོལ་སྤྱི་ཚོགས་འདི་རང་ཡིན། གལ་ཏེ་གཟི་བརྗིད་ཁོག་སྟོང་ཞིག་ཡོད་ན། བཙན་བྱོལ་སྤྱི་ཚོགས་འདི་ལས་གཞན་གང་ལའང་མཛུབ་མོ་འཛུགས་ས་མེད་ལ། སྤྱི་ཚོགས་འདིའི་ནང་དུ་ཡུལ་གྱར་བོད་མི་ཡོད་ཚད་འདུས་ཡོད་སྟབས། འུ་བུ་ཅག་རེ་རེ་ནས་གཟི་བརྗིད་ཁོག་སྟོང་ཡིན་ངེས།

ཨ་མ་རྗེ་བཙུན་པདྨའི་བཀའ་སློབ་དུམ་བུ་ཞིག་དྲན་བྱུང་། “དབྱིན་ཡིག་མ་ཤེས་ན་ཁ་ལག་རག་གི་མ་རེད་„ཅེས་པའི་སློབ་གསོ་འདི་སྒུལ་ཤུགས་ཆེ་བས། ཡུལ་གྱར་ཚོ་བ་འདི་ནི་“ཕ་སྐད་དང་མ་ཡིག་གསོད་པའི་ལག་དམར་བ་„ཞིག་ཡིན་པ་ཤེས་སྟབས། ཡབ་མེས་ཚོས་ཤི་དུར་ཁུང་ནས་ཁྲེལ་བའི་སྐད་གསོད་ལག་དམར་བ་ནི། མི་རིགས་འདིའི་སྲོག་རྩ་གཅོད་མཁན་གྱི་མི་གསོད་ལག་དམར་བ་ངོ་མ་དེ་ཡིན་པ་ཤེས།