ཀང་རཱ་རྫོང་དུ་གཟའ་མཇུག་ཁྱིམ་སྡོད་བཀའ་རྒྱ་བསྡམ་རྒྱུའི་གསལ་བསྒྲགས་སྤེལ་འདུག
རྒྱ་གར་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པའི་ཁ་གྲངས་ཤུགས་ཆེར་འཕར་ནས་དཀའ་ངལ་ཚབས་ཆེན་འཕྲད་ཀྱིན་ཡོད་པར་བརྟེན། ཧི་མ་ཅལ་མངའ་སྡེའི་ཀང་རཱ་རྫོང་སྲིད་གཞུང་གིས་ཀང་རཱ་རྫོང་དུ་མཚན་མོར་འགྲོ་སྐྱོད་མི་ཆོག་པ་དང་། གཟའ་མཇུག་ཁྱིམ་སྡོད་བཀའ་རྒྱ་བསྡམ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག
མདང་དགོང་ཀང་རཱ་རྫོང་གི་རྫོང་དཔོན་རཱ་ཁི་ཤི-ཁུ་མར་(Rakesh Kumar Prajapati)གྱིས་ངོ་དེབ་ཀྱི་ཐད་གཏོང་བརྒྱུད་དེ་ཀང་རཱ་རྫོང་དུ་དགོང་མོའི་ཆུ་ཚོད་ ༨ པ་ནས་ཞོགས་པའི་ཆུ་ཚོད་ ༦ པ་བར་དུ་འགྲོ་སྐྱོད་མི་ཆོག་པ་དང་། གཟའ་མཇུག་ཁྱིམ་སྡོད་བཀའ་རྒྱ་བསྡམ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།
རྫོང་དཔོན་ཁོང་གིས་རྒྱ་གར་རྒྱལ་ཡོངས་དང་། ཧི་མ་ཅལ་མངའ་སྡེའི་ནང་དུ་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པའི་གྲངས་ཚད་ཤུགས་ཆེར་འཕར་བཞིན་ཡོད་པ་ལྟར། ཀང་རཱ་རྫོང་གི་གནས་སྟངས་ཀྱང་དེ་མཚུངས་ཆགས་ཡོད་པར་བརྟེན། ནད་ཡམས་ཀྱི་ཁྱབ་ཚད་ལ་བཀག་འགོག་དང་སྟངས་འཛིན་བྱེད་པའི་ཆེད་དུ་བཀའ་རྒྱ་དེ་དག་བསྡམས་པ་ཡིན་ཚུལ་གསུངས་སོང་།
ཀང་རཱ་རྫོང་ནི་ཧི་མ་ཅལ་མངའ་སྡེའི་མི་འབོར་མང་ཤོས་ཀྱི་རྫོང་དེ་ཡིན་པ་དང་། ད་ལྟའི་ཆར་ཀང་རཱ་རྫོང་དུ་དངོས་སུ་ན་བཞིན་པའི་ནད་པ་(active cases) ༢༢༤༧ ཡོད་པ་དང་། ད་བར་དུ་འདས་གྲོངས་སུ་གྱུར་པའི་ནད་པ་ ༣༠༠ ལྷག་གི་ཁྲོད་ནས་ ༥༡ ཟླ་བ་འདིའི་ནང་དུ་འདས་གྲོངས་སུ་གྱུར་བ་ཆགས་ཡོད་འདུག
གཞན་ཡང་། ཁོང་གིས་གཟའ་མཇུག་ལ་གཞུང་དང་སྒེར་གྱི་ལས་ཁུངས་ཐམས་ཅད་སྒོ་རྒྱག་དགོས་པ་མ་ཟད། ལས་ཀ་བྱེད་པའི་སྐབས་སུའང་ལས་མིའི་བརྒྱ་ཆ་ལྔ་བཅུ་ཉུང་དུ་གཏོང་དགོས་ཚུལ་གསུངས་སོང་།
ད་ལྟ་རྒྱ་གར་དུ་ཉིན་རེར་ནད་པ་གསར་པ་འབུམ་གཉིས་ལྷག་བྱུང་སྟེ། རྒྱལ་ས་ལྡི་ལིས་གཙོས་པའི་གྲོང་ཁྱེར་ཆེ་ཁག་ཏུ་སྨན་ཁང་དང་། ཉལ་ཁྲི། སྲོག་རླུང་ལ་སོགས་པའི་མཐུན་རྐྱེན་གྱིས་མི་འདང་བའི་དཀའ་ངལ་ཚབས་ཆེན་འཕྲད་ཀྱིན་ཡོད་སྟབས། ཟླ་འདིའི་ཚེས་ ༡༩ ཉིན་རྒྱལ་ས་ལྡི་ལིར་བདུན་ཕྲག་གཅིག་རིང་ཁྱིམ་སྡོད་བཀའ་རྒྱ་བསྡམ་རྒྱུའི་གསལ་བསྒྲགས་སྤེལ་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།