ཀམ་བྷོ་ཌི་ཡ་ནང་དུ་ཐའེ་ཝན་དང་བོད་ཀྱི་རྒྱལ་དར་བཀག་འགོག

ཨེ་ཤི་ཡའི་རྒྱལ་ཁབ་ཀམ་བྷོ་ཌི་ཡའི་སྲིད་བློན་ཧུན་སེན་གྱིས། རྒྱ་ནག་གཅིག་གྱུར་གྱི་སྲིད་ཇུས་ལ་གུས་བརྩི་སྟོན་ཆེད་དུ། རྒྱལ་ཁབ་དེའི་ནང་ཐའེ་ཝན་དང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱེད་མི་ཆོག་སྐོར་གསུངས་ཡོད་འདུག

ཟླ་འདིའི་ཚེས་༧ ཉིན་ཨེ་ཤེ་ཡའི་གསར་གནས་འབྲེལ་མཐུད་ཅེས་པའི་བརྒྱུད་ལམ་ཐོག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་རིགས་དང་ཀམ་བྷོ་ཌི་ཡའི་མི་རིགས་བར་གྱི་མཐུན་ཚོགས་སྐབས་ཤིག་ལ། ཀམ་བྷོ་ཌི་ཡའི་སྲིད་བློན་གྱིས་གཏམ་བཤད་གནང་སྐབས། ཐའེ་ཝན་དང་ཚོང་འབྲེལ་བྱེད་པར་རྒྱབ་སྐྱོར་ཡོད་ཀྱང་། རྒྱ་ནག་གིས་ཀམ་བྷོ་ཌི་ཡའི་བདག་དབང་ལ་གུས་བརྩི་བྱེད་པ་ལྟར། ཁོང་གིས་རྒྱ་ནག་གི་བདག་དབང་དང་རྒྱ་ནག་གཅིག་གྱུར་གྱི་སྲིད་ཇུས་ལ་གུས་བརྩི་བྱེད་ཀྱི་ཡོད་ལ། ཐའེ་ཝན་དེ་ཉིད་རྒྱ་ནག་གི་རང་སྲིད་རང་སྐྱོང་གི་ཞིང་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། ཀམ་བྷོ་ཌི་ཡ་ནང་དུ་ཐའེ་ཝན་གྱི་རྒྱལ་དར་བསྒྲེངས་འཛུགས་མི་བྱེད་པའི་སྐུལ་མ་བྱས་ཡོད་པ་དང་བསྟུན། བོད་ཀྱང་རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་རང་སྐྱོང་གི་ཞིང་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས། བོད་ཀྱི་རྒྱལ་དར་ཡང་བསྒྲེངས་འཛུགས་མི་ཆོག་སྐོར་གསུངས་ཡོད་འདུག

དཔལ་འབྱོར་གྱི་གནས་སྟངས་སྐྱོ་པོ་ཡིན་པའི་ཀམ་བྷོ་ཌི་ཡ་རྒྱལ་ཁབ་དེ་ཉིད་ཀྱི་མཐུན་ཕྱོགས་དང་ཚོང་འབྲེལ་གྱི་རོགས་པ་གཙོ་བོ་ནི་རྒྱ་ནག་ཡིན་པ་དང་། རྒྱ་ནག་གིས་རྒྱལ་ཁབ་དེར་ཨ་སྒོར་ས་ཡ་མང་པོའི་རོགས་དངུལ་དང་མ་རྩ་བཞག་པ་སོགས་བྱས་ཡོད་འདུག དེ་བཞིན་ཀམ་བྷོ་ཌི་ཡསརྒྱ་ནག་ལ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་རྙོག་ཐད།རྒྱ་ནག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།