ཀེ་ཌ་ལོ་ནི་ཡ་མི་མང་གིས་སེ་པན་དབུས་གཞུང་ལ་ངོ་རྒོལ་བྱེད་བཞིན་འདུག
སེ་པན་གྱི་ཆེས་མཐོའི་ཁྲིམས་ཁང་གིས། ཀེ་ཌ་ལོ་ནི་ཡ་རང་སྐྱོང་མངའ་ཁུལ་དེའི་རང་བཙན་འཐབ་རྩོད་ཀྱི་འགོ་ཁྲིད་ཁག་ཅིག་ལ། གཞུང་སྲིད་མགོ་རྟིང་སློག་ཐབས་ཀྱི་ཉེས་འཛུགས་འོག་བཙོན་འཇུག་ཁྲིམས་ཐག་བཅད་རྐྱེན། མི་མང་གིས་ངོ་རྒོལ་ལས་འགུལ་སྤེལ་བཞིན་འདུག
ཟླ་༡༠ པའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། སེ་པན་གྱི་དབང་འོག་ཏུ་ཡོད་པའི་ཀེ་ཌ་ལོ་ནི་ཡ་རང་སྐྱོང་མངའ་ཁུལ་གྱི་རྒྱལ་ས་བྷར་སི་ལོ་ན་དང་གྲོང་ཁྱེར་གཞན་ཁག་ཅིག་ཏུ། ཟླ་༡༠ པའི་ཚེས་༡༤ ཉིན་སེ་པན་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཁུལ་དེའི་རང་བཙན་ལས་འགུལ་གྱི་འགོ་ཁྲིད་༩ ལ་དྲག་པོའི་གྱེན་ལངས་ཀྱི་ཉེས་པ་མེད་པ་ཐག་གཅོད་བྱས་ཡོད་ཀྱང་། ཁོང་རྣམས་ལ་གཞུང་སྲིད་མགོ་རྟིང་སློག་ཐབས་དང་། སྤྱི་པའི་དངུལ་བེད་སྤྱོད་ལོག་པ་བཏང་བ་སོགས་ཉེས་འཛུགས་ཀྱིས། ལོ་ངོ་༩ ནས་༡༣ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར། ངོ་རྒོལ་ལས་འགུལ་ཆེན་པོ་སྤེལ་ཡོད་འདུག་པ་དང་། ལས་འགུལ་བ་སྟོང་ཕྲག་མང་པོས་གཞུང་ལམ་བཀག་འགོག མེ་འཁོར་གྱི་འགྲུལ་ལམ་དུས་ཐུང་རིང་བཀག་འགོག དེ་བཞིན་གནམ་ཐང་ལ་ངོ་རྒོལ་ལས་འགུལ་སྤེལ་ནས་གནམ་གྲུ་མང་པོ་ཞིག་ཕྱིར་འཐེན་བྱེད་དགོས་ཁེལ་འདུག ངོ་རྒོལ་ལས་འགུལ་སྐབས་སུ་ཉེན་རྟོག་པ་དང་ལས་འགུལ་བའི་བར་གདོང་ཐུག་ཆེན་པོ་བྱུང་ནས། མི་གྲངས་༡༣༠ ལྷག་རྨས་སྐྱོན་ཕོག་འདུག
བཙོན་འཇུག་གི་ཁྲིམས་ཆད་འཕོག་མཁན་ཁྲོད་དུ། སྐབས་སྔོན་མའི་ཀེ་ཌ་ལོ་ནི་ཡ་རང་སྐྱོང་མངའ་ཁུལ་གྱི་སྲིད་གཞུང་གི་སྲིད་འཛིན་གཞོན་པ། ཕྱི་སྲིད་བློན་ཆེན། ངལ་རྩོལ་བློན་ཆེན། གཞུང་གི་མགྲིན་ཚབ་པ། སྐབས་སྔོན་མའི་གྲོས་ཚོགས་ཀྱི་ཚོགས་གཙོ། ནང་སྲིད་བློན་ཆེན་དང་བློན་ཆེན་གཞན་ཞིག དེ་བཞིན་ཤུགས་རྐྱེན་ཆེན་པོ་ཡོད་པའི་རང་བཙན་ལས་འགུལ་བ་གཉིས་བཅས་ཡོད་འདུག ཁོང་དགུ་པོ་མ་རྩིས་པའི་རང་བཙན་གྱི་འགོ་ཁྲིད་གཞན་གསུམ་ལ་དབུས་གཞུང་ལ་རྩིས་མེད་བྱས་ཡོད་པའི་ཐག་གཅོད་ཀྱིས་དངུལ་གྱི་ཉེས་ཆད་བཏང་ཡོད་འདུག བཙོན་འཇུག་བྱས་པའི་ཁོང་ནས་འགོ་ཁྲིད་ཁག་ཅིག་ལ་ལོ་༡༣ དང་ལོ་༡༢ རིང་གཞུང་གི་ལས་གནས་ལ་ལས་ཀ་བྱེད་མི་ཆོག་པ་བཟོས་འདུག
དེ་ཡང་ཕྱི་ལོ་༢༠༡༧ ལོའི་ཟླ་༩ པའི་ཚེས་༦ ཉིན་ཀེ་ཌ་ལོ་ན་ཡའི་གྲོས་ཚོགས་ནང་རང་བཙན་ལངས་ཕྱོགས་འཛིན་མཁན་གྱི་སྲིད་དོན་ཚོགས་པ་ཁག་མཉམ་སྒྲིལ་ཐོག ཟླ་༡༠ པའི་ཚེས་༡ ཉིན་རང་བཙན་གྱི་མང་མོས་ཐག་གཅོད་འོས་བསྡུ་བྱ་རྒྱུའི་ཁྲིམས་འཆར་ལ་མང་མོས་རྒྱབ་སྐྱོར་ཡོང་ཐུབ་ཡོད་ཀྱང་། སི་པན་གཞུང་གིས་ཐག་གཅོད་དེ་ནི་རྩ་ཁྲིམས་དང་མང་གཙོ་ལ་བརྩི་བཀུར་མ་བྱས་པ་ཡིན་པའི་སྐྱོན་བརྗོད་བྱས་ནས། ཁྲིམས་དང་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་བེད་སྤྱད་ནས་མང་མོས་འོས་བསྡུ་དེ་བཀག་འགོག་བྱ་རྒྱུའི་སྡིགས་བསྐུལ་དང་། ཟླ་༡༠ པའི་ཚེས་༡ ཉིན་ཉེན་རྟོག་པས་བཀག་འགོག་བྱེད་ཐབས་བྱས་མིན་ལ་མ་ལྟོས་པར། ཀེ་ཌ་ལོ་ནི་ཡའི་མི་མང་བརྒྱ་ཆ་༤༣ སླེབས་ནས་འོས་ཤོག་འཕངས་ནས་གྲུབ་དོན་དུ་མི་མང་བརྒྱ་ཆ་༩༠ ལ་ཉེ་བས་རང་བཙན་གྱི་མངོན་འདོད་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད། ཁེ་ཌ་ལོ་ནི་ཡའི་རང་བཙན་ཐོག་མང་མོས་འོས་བསྡུ་ཐག་གཅོད་བྱུང་རྗེས། ཁུལ་དེའི་རྒྱལ་ས་བྷར་སི་ལོ་ན་དང་སེ་པན་གྱི་ས་ཁུལ་གཞན་དུ། སེ་པན་ནང་ཆིག་སྒྲིལ་དགོས་པའི་ལས་འགུལ་རྒྱ་ཆེ་སྤེལ་མཁན་མང་པོ་བྱུང་འདུག
དེ་རྗེས་སུ་ལོ་དེའི་ཟླ་༡༠ པའི་ཚེས་༡༠ ཉིན་ཀེ་ཌ་ལོ་ནི་ཡ་མངའ་ཁུལ་གྱི་གྲོས་ཚོགས་ནང་། ཁུལ་དེའི་སྲིད་འཛིན་ཀལ་སེ་པིའུ་ཌེ་མོན་གྱིས། ཟླ་༡༠ པའི་ཚེས་༡ ཉིན་གྱི་མང་མོས་འོས་བསྡུ་ཐག་གཅོད་ཀྱི་གྲུབ་དོན་ལ་གཞིགས་ནས། ཁུལ་དེ་རང་བཙན་རྒྱལ་ཁབ་ཆགས་པའི་དབང་ཚད་ཐོབ་ཡོད་སྐོར་བརྗོད་ནས། ཁོང་དང་འགོ་ཁྲིད་ཁག་ཅིག་གིས་གྲོས་ཚོགས་རྭ་བའི་ཕྱི་ལོགས་སུ་རང་བཙན་བསྒྲགས་གཏམ་ལ་མིང་རྟགས་བཀོད་ཡོད་འདུག་ཀྱང་། སེ་པན་གཞུང་དང་གྲོས་མོལ་ཡོང་ཆེད་དུ། གྲོས་ཚོགས་ནས་གཞུང་འབྲེལ་ཐོག་ནས་བསྒྲགས་གཏམ་སྤེལ་ནས་ལག་བསྟར་བྱ་རྒྱུ་དེ་གནས་སྐབས་རིང་མཚམས་འཇོག་ཡོང་བའི་རེ་སྐུལ་བྱས་ཡོད་པ་རེད། བསྒྲགས་གཏམ་དེའི་ནང་རྒྱལ་སྤྱིའི་རྒྱལ་ཁབ་དང་ཚོགས་སྡེ་ཚང་མས་ཀེ་ཌ་ལོ་ནི་ཡ་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་བྱེད་དགོས་པའི་དགོས་འདུན་འདོན་གྱི་ཡོད་སྐོར་འཁོད་ཡོད་པས། སེ་པན་གཞུང་གིས་གྲོས་མོལ་གྱི་ལམ་ཁ་མེད་པའི་བརྡ་ལན་གསལ་པོ་བཏང་བའི་ཐོག ཀེ་ཌ་ལོ་ནི་ཡ་རང་སྐྱོང་མངའ་ཁུལ་དེ་དབུས་གཞུང་ནས་ཐད་ཀར་འཛིན་སྐྱོང་བྱེད་རྒྱུའི་སྡིགས་བསྐུལ་བྱས་ཡོད་པ་རེད། གྲོས་མོལ་གྱི་ལམ་ཁ་མེད་པ་མཐོང་རྗེས། ཀེ་ཌ་ལོ་ནི་ཡའི་གྲོས་ཚོགས་ཀྱིས་རང་བཙན་བསྒྲགས་གཏམ་སྤེལ་བ་དང་སྦྲགས། སེ་པན་གྱི་གྲོས་ཚོགས་གོང་མས་རྩ་ཁྲིམས་དོན་ཚན་༡༡༥ པ་སྟེ་དབུས་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱེད་པའི་ཁྲིམས་ནུས་ཡོད་བཟོ་བར་རྒྱབ་སྐྱོར་བྱས་ཡོད་པ་དང་། སེ་པན་གཞུང་གིས་ཀེ་ཌ་ལོ་ནི་ཡའི་སྲིད་གཞུང་དང་གྲོས་ཚོགས། རང་སྐྱོང་གནས་བབས་ཕྱིར་བསྡུ་བྱས་ཏེ། བསྐྱར་དུ་འོས་བསྡུ་བྱེད་དགོས་པའི་བཀའ་བཏང་ནས། གཞུང་དང་གྲོས་ཚོགས་འཕོ་འགྱུར་བཏང་ནས། འོས་བསྡུ་བསྐྱར་དུ་བྱས་བཅུག་པ་རེད་དེ། མངའ་ཁུལ་གྱི་སྲིད་འཛིན་དུ་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་བསྐྱར་དུ་སླེབས་ཡོད་པ་རེད།
ཁྲིམས་ཆད་འཕོག་མཁན་རྣམས་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཁང་ལ་གོང་ཞུ་བྱེད་རྒྱུ་ཡིན་པ་བརྗོད་འདུག་ཀྱང་། ཡུ་རོབ་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་མགྲིན་ཚབ་པས། ལྷན་ཚོགས་ཀྱིས་སེ་པན་གྱི་ཁྲིམས་ཞིབ་ཁང་གི་ཐག་གཅོད་ལ་གུས་བརྩི་བྱེད་ཀྱི་ཡོད་པ་དང་། དེ་སྔོན་ལྟར་གནད་དོན་དེ་ནི་སེ་པན་གྱི་རྒྱལ་ནང་གནད་དོན་ཞིག་ཡིན་པས། རྒྱལ་ཁབ་ཀྱི་རྩ་ཁྲིམས་ལྟར་འགྲོ་དགོས་པ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
ཀེ་ཌ་ལོ་ནི་ཡའི་སྲིད་འཛིན་ཀྲོ་རཱ་ཡིས། ཉེས་ཆད་འཕོག་མཁན་རྣམས་གུ་ཡངས་གཏོང་བའི་རེ་སྐུལ་བྱས་ནས། ཁྲིམས་ཆད་ཀྱི་གནད་དོན་དེ་ལ་བརྟེན་ནས་ཁོང་གི་སྲིད་གཞུང་གིས་རང་བཙན་མངོན་འདོད་ལ་མདུན་བསྐྱོད་བྱེད་རྒྱུར་བཀག་འགོག་བྱེད་ཐུབ་རྒྱུ་མིན་པ་དང་། བཙན་གནོན་གྱིས་གྲོས་མོལ་དང་། མང་གཙོ། རང་ཐག་རང་གཅོད་བཅས་ཀྱི་ཐོག་ལ་ནམ་ཡང་རྒྱལ་ཁ་ཐོབ་མི་སྲིད་སྐོར་བརྗོད་ནས། སེ་པན་དབུས་གཞུང་ལ་གནད་དོན་དེར་ཆབ་སྲིད་ཀྱི་རྩོད་རྙོག་དེར་ཆབ་སྲིད་ཀྱི་ཐབས་ལམ་ཞིག་དགོས་པ་གལ་ཆེན་ཆགས་ཡོད་པས། ཐུག་འཕྲད་བྱེད་དགོས་སྐོར་བརྗོད་འདུག་ཀྱང་། སེ་པན་གཞུང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་དེར་གུས་བརྩི་ངེས་པར་དུ་བྱེད་དགོས་པ་དང་། དེའི་ཐོག་ཀེ་ཌ་ལོ་ནོ་ཡའི་མི་མང་རྣམས་ཀྱིས་ཞི་བ་སྲུང་དགོས་པ་ལས། ངོ་རྒོལ་དང་ཟིང་འཁྲུག་བསླངས་ཚེ། ལོ་གཉིས་སྔོན་ལྟར་དབུས་གཞུང་གིས་ཐད་ཀར་འཛིན་སྐྱོང་བྱེད་པའི་ལམ་ཁ་ཡོད་པའི་སྡིགས་བསྐུལ་བྱས་ནས། དབུས་གཞུང་གིས་ཀྱང་གྲོས་མོལ་བྱེད་རྒྱུ་ཡོད་སྐོར་བརྗོད་འདུག གྲོས་མོལ་བྱེད་མིན་ལ་མ་ལྟོས་པར། ཀེ་ཌ་ལོ་ནི་ཡ་མངའ་ཁུལ་ནི་སེ་པན་ནང་དཔལ་འབྱོར་གྱི་གནས་སྟངས་ཡག་ཤོས་གྲས་ཀྱི་མངའ་ཁུལ་ཡིན་འདུག་པས། སེ་པན་དབུས་གཞུང་གིས་གྲོས་མོལ་ཐོག་ནས་རང་བཙན་སྤྲོད་རྒྱུ་ཁག་པོ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
