ཀཿ་ཐོག་དམ་པ་བདེ་བར་གཤེགས་པ་འཇིག་རྟེན་འདིར་བྱོན་ནས་ལོ་༩༠༠ འཁོར་བའི་དུས་དྲན་སྲུང་བརྩི།


ཤར་རྒྱལ་བ་ཀཿཐོག་གི་བསྟན་པའི་བདག་པོ་ཆོས་རྗེ་དམ་པ་བདེ་བར་གཤེགས་པའམ་བླ་མ་ཤར་པ་སྤོབས་པ་མཐའ་ཡས་མཆོག་འཇིག་རྟེན་གྱི་ཁམས་འདིར་བྱོན་ནས་མི་ལོ་༩༠༠ འཁོར་བའི་དུས་དྲན་དང་ཁོང་གི་རྣམ་ཐར་དཔེ་དེབ་དབུ་འབྱེད་བཅས་ཀྱི་མཛད་སྒོ་དེ་ཉིད། རྒྱ་གར་བྱང་ཕྱོགས་ཁམས་ཀཿ ཐོག་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ཤར་རྒྱལ་བ་ཀཿ ཐོག་དགོན་པ་རུ་སྲུང་བརྩི་ཞུས་འདུག

ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༢༩ ཉིན་ཤར་རྒྱལ་བ་ཀཿ ཐོག་པའི་བསྟན་པའི་མངའ་བདག་ཆོས་རྗེ་ཀཿདམ་པ་བདེ་བར་གཤེགས་པ་གང་ཉིད་འཇིག་རྟེན་གྱི་ཁམས་འདིར་བྱོན་ནས་མི་ལོ་ ༩༠༠ འཁོར་བ་དེའི་དུས་དྲན་དང་། ཀཿ དམ་པ་བདེ་བར་གཤེགས་པའི་རྣམ་ཐར་དཔེ་དེབ་དབུ་འབྱེད་བཅས་ཀྱི་མཛད་སྒོ་ཞིག་རྒྱ་གར་བྱང་ཕྱོགས་ཁམས་ཀཿཐོག་གཞིས་ཆགས་སུ་སྲུང་བརྩི་ཞུས་གནང་འདུག་པ་དང་།

​སྐབས་དེར་སྐུ་མགྲོན་གཙོ་བོར་༧སྐྱབས་རྗེ་སྨན་གླིང་མཁན་ཆེན་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། གཞན་ཡང་བླ་ཆེན་ཁག་དང་ཆོས་རིག་བཀའ་བློན་གྱི་སྐུ་ཚབ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཁང་གི་འགན་འཛིན། ཉེ་འཁོར་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་གཙོས་པའི་ས་གནས་ཀྱི་སེར་སྐྱ་མི་མང་བཅས་མཉམ་ཞུགས་གནང་ཡོད་འདུག་ལ།


མཛད་སྒོ་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་སྔ་འགྱུར་སྨོན་ལམ་ཆེན་མོའི་ཚོགས་གཙོ་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་བཅས་ཀྱིས་གསུང་འཕྲིན་གནང་འདུག ཀཿ་ཐོག་དགོན་པའི་དབུ་འཛིན་གྱིས་མཛད་སྒོ་ངོ་སྤྲོད་དང་སྐུ་མགྲོན་གཙོ་བོ་དབུས་པའི་སྐུ་མགྲོན་རྣམ་པས་སྔ་དྲོའི་ཆར་གསུང་བཤད་དང་དཔེ་དེབ་དབུ་འབྱེད། གཞན་ཡང་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་ཀཿདམ་པའི་རྣམ་ཐར་གྱི་ཕྱག་དེབ་ངོ་སྤྲོད་དང་ཀཿཐོག་ཆོས་བརྒྱུད་ཀྱི་བྱུང་རབས་ངོ་སྤྲོད་གནང་བ།
དེ་བཞིན་མཛད་སྒོ་གོ་སྒྲིག་ཚོགས་ཆུང་ནས་སྐུ་མགྲོན་རྣམས་ལ་རྗེས་དྲན་ཕྱག་རྟགས་ཕུལ་བ་སོགས་བགྱིས་པ་དང་། ཉིན་རྒྱབ་ནས་སྤྱིར་བོད་གངས་ཅན་ལྗོངས་ཀྱི་བསྟན་པའི་བྱུང་རིམ་དང་ལྷག་ཏུ་ཀཿདམ་པ་ནས་ཤར་རྒྱལ་བ་ཀཿཐོག་པའི་བསྟན་པའི་བྱུང་རིམ་སོགས་ཀྱི་སྐོར་མཁས་པའི་གསུང་བཤད་བཅས་གནང་ཡོད་འདུག

ཀཿཐོག་དམ་པ་བདེ་བར་གཤེགས་པའམ་བླ་མ་ཤར་པ་སྤོབས་པ་མཐའ་ཡས་མཆོག་ནི་ཡབ་གཙང་པ་དཔལ་གྲགས་དང་། ཡུམ་གཙང་མོ་རིན་ཆེན་རྒྱན་གཉིས་ཀྱི་སྲས་སུ་ཕྱི་ལོ་༡༡༢༢ ལོར་འབྲི་རྫ་སྒང་ཀྲེ་ཤོད་དུ་སྐུ་བལྟམས་པ་དང་། ཁོང་གི་ཡབ་ཀྱིས་མཚན་ལ་དགེ་བ་འཕེལ་ཞེས་གསོལ། དགུང་ལོ་དྲུག་ནས་བཟུང་འབྲི་ཀློག་དང་། བཟོ་དང་སྨན་རྩིས་སོགས་རིག་པའི་གནས་ཆུང་བ་དག་ལ་སྦྱངས། བླ་མ་དཔལ་འཛིན་ལས་དགེ་གཉེན་གྱི་སྡོམ་པ་བཞེས། ལྷག་ཏུ་དགུང་ལོ་དགུ་ནས་རྗེ་ཕག་མོ་གྲུ་པའི་ཞབས་ལ་གཏུགས་པ་དང་། བཅུ་དྲུག་ནས་དབུས་ཕྱོགས་སུ་ཕེབས་ཏེ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་དུ་མ་གཙུག་ཏུ་བཀུར་ཏེ་མདོ་སྔགས་ཀྱི་ཆོས་གསན་བསམ་དང་སྨིན་གྲོལ་གྱི་གདམས་པ་གྱ་ནོམ་པ་ཞུས། ཉེར་ལྔ་པར་སྡེ་པ་ནགས་ཀྱི་མཁན་ཆེན་ལས་བསྙེན་པར་རྫོགས། དབུས་ཀྱི་ཕྱོགས་སུ་མཁས་པའི་གྲགས་པ་ཁྱབ། དགུང་ལོ་སོ་བརྒྱད་པ་ཕྱི་ལོ་༡༡༥༩ ལོར་སྔ་འགྱུར་རྙིང་མའི་མ་དགོན་ཆེན་པོ་དྲུག་གི་ཡ་གྱལ་ཤར་རྒྱལ་ཀཿཐོག་དགོན་པ་ཕྱག་བཏབ། བཤད་སྒྲུབ་ཀྱི་སྡེ་བཙུགས། དགེ་སློང་སྟོང་ཕྲག་ཉེ་བ་བསྒྲུབས། ཉིན་རེར་ཆོས་ཐུན་བཅུ་གསུམ་རེ་གསུངས། འདུས་པ་ཁྲི་བརྒྱད་ཉེ་བར་ཚོགས། དེའི་ནང་ནས་མིང་དུ་གྲགས་པའི་ཞལ་སློབ་གཙང་སྟོན། མཁན་པོ་གྲགས་ཡེ་གཉིས། འོད་ཕུང་དུ་དེངས་པ་ལྔ། ཐོས་པས་ཆོག་གསུམ། མཆོག་དང་ཉེ་བ་བཅུ། བཟོད་པ་ཐོབ་པ་གསུམ། གདུགས་ཐོགས་ཀྱི་སློབ་མ་བརྒྱ་ཕྲག་སོགས་ཡོད་འདུག ཁོང་ནི་བོད་ཀྱི་བླ་མའི་ནང་ནས་ཆེས་མིང་དུ་གྲགས་པའི་མཁས་དང་གྲུབ་པའི་སྐྱེས་བུ་ཆེན་པོ་གཅིག་ཡིན་པ་རེད། མདོར་ན་མདོ་ཁམས་ཀྱི་ཕྱོགས་སུ་མདོ་སྔགས་སྤྱི་དང་ལྷག་ཏུ་གསང་སྔགས་ཀྱི་བསྟན་པའི་གཞི་ཆེན་པོ་བཙུགས་ཏེ། མཐར་དགུང་ལོ་དོན་གཅིག་ཕྱི་ལོ་༡༡༩༢ ས་ག་ཟླ་བའི་ཚེས་བཅོ་ལྔར་རྟག་འཛིན་ཅན་གྱི་གདུལ་བྱའི་ངོར་ཞིང་གཞན་དུ་གཤེགས་པའི་ཚུལ་བསྟན། རྗེས་འཇུག་རྣམས་ལ་བཞག་པའི་གསུང་རྩོམ་མདོ་སྔགས་གཉིས་ཀྱི་གཞུང་སོགས་པོད་བཅུ་དགུ་ལྷག་ཡོད་འདུག་ཀྱང་ད་སྐབས་འགའ་ཤས་ཤིག་ལས་བཞུགས་མེད་པ་ཡིན་འདུག་གོ།།


གོང་གི་པར་རིས་དང་གནས་ཚུལ་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་བ་སོགས་ནས་ཕྱོགས་བསྡུས་བྱས།


གསར་འགོད་པ་བསྟན་འཛིན་ལམ་བཟང་།