ཀླད་པར་དཔྱད་ན་ཀླད་པས་བོད་སྐྱོབ་སྲིད་དེ་མ་དཔྱད་ན་ཕུང་ཡང་སྲིད།
ཡེ་ཤེས་རྡོ་རྗེས།
མིའི་ཀླད་པའི་བྱེད་ལས་མདོར་ཙམ་ཞིག་ངོ་སྤྲོད་བྱས་ཏེ། འདི་དང་བོད་ཀྱི་རྩ་དོན་བར་འབྲེལ་བ་ཅི་འདྲ་ཡོད་པའི་སྐོར་བསམ་བློ་གཏོང་སའི་གནས་ལུགས་ཤིག་ཞུ་ཡི་ཡིན། འདི་བཤད་རྒྱུ་ཀླད་པའི་སྐོར་ཡིན་དེ་བཤད་ལམ་སྙིང་གི་རྒྱུད་ནས་འཆད་ཀྱི་ཡོད།
འགྲོ་བ་མི་ཟེར་བ་འདི་སེམས་ཅན་གཞན་ལ་མེད་པའི་རྣམ་དཔྱོད་ཀྱི་ཀླད་པ་ཡོད་པའི་འགྲོ་བ་ཞིག་ཡིན་པ་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད། (རྣམ་དཔྱོད་ཀྱི་ཀླད་པ་དེ་ཀླད་པའི་ཆ་ཤས་ལས་ཡ་ཐོད་དཔྲལ་བའི་རྒྱབ་ཏུ་ཡོད་པ་དེ་རེད།) འོན་ཀྱང་དེ་དང་མཉམ་དུ་ང་ཚོའི་ཀླད་པའི་ཆ་ཤས་གཅིག་ནི་ལྟོ་འགྲོའི་སེམས་ཅན་གྱི་ཀླད་པ་སྟེ། དུག་སྦྲུལ་དང་ཆུ་སྲིན་ལ་སོགས་པར་ཡོད་པའི་ཀླད་པ་ཞིག་ཡིན་པ་རེད། (ཀླད་པ་དེ་སྒལ་ཚིགས་ཀྱི་རྩེ་མོའི་ཐོག་གམ་ལྟག་རྒྱབ་ཏུ་གནས་ཡོད།) དེ་ཡང་སྐལ་བ་ཡ་ཐོག་གི་དུས་ནས་ལྟོ་འགྲོའི་ཀླད་པ་འདིས་རང་ལ་འཚེ་བ་བྱེད་མཁན་གྱི་སེམས་ཅན་ཞིག་དང་ཐུག་དུས། དེ་ལ་འཐབ་ནས་རང་གི་ཚེ་སྲོག་སྲུང་རྒྱུའམ། ཡང་ན་དེ་ལ་བྲོས་ནས་རང་གི་ཚེ་སྲོག་བསྲུང་རྒྱུ། ཡང་ན་བརྒྱལ་ནས་(ཤི་རྫུ་བྱེད་པ་)རང་གི་ཚེ་སྲོག་བསྲུང་རྒྱུའི་ཐག་གཅོད་བྱས་ཡོད།
འོན་ཀྱང་ད་ལྟ་ཉིན་རེའི་འཚོ་བའི་ནང་ལྟོ་འགྲོའི་ཀླད་པ་དེས་ང་ཚོ་ལ་དཀའ་ངལ་ཡང་སྤྲོད་བཞིན་པ་དང་། གཟབ་གཟབ་མ་བྱས་ན་འདིས་ང་ཚོ་གཡང་ལ་འཕེན་པའི་ཉེན་ཁ་ཡང་ཡོད། དེ་ནི་འདི་ལྟར་ཏེ། ཀླད་པ་འདིར་རང་ཕྱོགས་ལ་དགྲ་བྱེད་པའི་ཚོར་སྣང་ཞིག་སྐྱེས་མ་ཐག་དེ་ཡིས་ཀླད་ཁམས་ཡོངས་ལ་དབང་སྒྱུར་རམ། རྣམ་པར་དཔྱོད་པའི་ཀླད་རྩའི་སྒོ་བཀག་སྟེ། འཐབ་དང་བྲོས་ཀྱི་ཛ་དྲག་གི་ཉེན་བརྡ་ལུས་ཁམས་ཡོངས་སུ་གཏོང་གི་ཡོད་པ་རེད། དེ་མ་ཐག་སྙིང་གིས་ཟུངས་ཁྲག་རྣམས་ལུས་ཀྱི་ཡན་ལག་ཁག་ནང་མང་དུ་བཏང་ནས་(སྙིང་འཕར་ཚད་མགྱོགས་སུ་འགྲོ་དགོས་པའི་རྒྱུ་མཚན་འདི་རེད་) རང་ལ་དགྲ་བྱེད་པའི་ཚོར་བ་ཡོང་ས་དེར་ཁ་གཏད་ཀྱི་གྲ་སྒྲིག་བྱས་ནས་དཔུང་པ་དང་ལུས་སྟོད་ཀྱི་ཤ་རྒོད་ཀྱིས་གྲ་སྒྲིག་བྱེད་པ་དང་། ཡང་ན་རྐང་པའི་ཤ་རྒོད་གྱིས་འབྲོ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད། (སྐབས་དེར་ཀླད་པའི་རྣམ་དཔྱོད་ཀྱི་ཆ་ཤས་ལ་དགོས་པའི་ཟུངས་ཁྲག་ཉུང་དུ་འགྲོ་གི་ཡོད་པ་རེད། དེ་བཞིན་འདི་དང་འཕྲོད་བསྟེན་བར་འབྲེལ་བ་ཡོད་དེ་འདིར་མི་བརྗོད།)
དེ་བཞིན་ཁ་གཏད་ཀྱི་བྱ་བའི་ནང་གི་གོ་ཆ་གལ་ཆེན་ཁག་གཅིག་ཁོང་ཁྲོ་དང་སྐྲག་སྣང་སོགས་རེད། འདི་དག་ཀྱང་བསྐལ་པ་ཡ་ཐོག་ནས་བེད་སྤྱད་པའི་ང་ཚོའི་འཚོ་གནས་དང་འབྲེལ་བའི་ནུས་པ་ཁག་གཅིག་ཡིན་པ་དེ་ནི། ཁོང་ཁྲོ་ཡིས་རང་ལ་འཚེ་བ་བྱེད་མཁན་དང་འཐབ་རྒྱུའི་ནུས་པ་སྤྲོད་ཀྱི་ཡོད་པ་དང་། སྐྲག་སྣང་གིས་དེ་ལ་འབྲོ་རྒྱུའི་གོ་སྐབས་སྤྲོད་ཀྱི་ཡོད།
འོན་ཀྱང་ད་ལྟ་ལྟོ་འགྲོའི་ཀླད་པ་འདིས་མཐོང་བའི་”ཉེན་ཁ་”ཚང་མ་དོན་དངོས་སུ་ཉེན་ཁ་ཅི་ཡང་ཡིན་པའི་ངེས་པ་མེད། རེད་དེ་ང་ཚོའི་ཀ་ལིའི་ནང་ལྷག་པའི་ཆུ་སྲིན་དང་དུག་སྦྲུལ་གྱི་ཀླད་པ་འདི་ལ་དེ་དག་དབྱེ་བ་འབྱེད་པའི་ནུས་པ་དང་བྲལ་བར་བརྟེན། རྣམ་རྟོག་ལས་སྐྱེས་པའི་ཉེན་ཁ་དང་དོན་དངོས་ཀྱི་ཉེན་ཁ་གཉིས་ཀར་ཡ་ལན་གཅིག་ལས་བྱེད་རྒྱུ་མེད་པ་འདྲ། དེར་བརྟེན། ང་ཚོས་རང་སོ་སོའི་ཀླད་པ་གླེན་ལྐུག་དེའི་དབང་སྒྱུར་ལས་ཐར་བའི་ཆེད་དུ་རང་གིས་རང་ལ་གནས་ལུགས་དེ་དྲན་ཤེས་ཡང་ཡང་བྱེད་དགོས་རྒྱུ་གལ་ཆེ། དེ་ལྟར་བྱས་ན་རང་ལ་ཡོད་པའི་འགྲོ་བ་མིའི་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་ཀྱི་ཀླད་པ་དེ་བེད་སྤྱོད་པའི་གོ་སྐབས་ཆེ་བ་ཡོང་རྒྱུ་རེད།
འདི་ལས་སླ་མོ་ཞིག་ག་ལ་ཡིན་ཏེ། ང་ཚོའི་འཚོ་གནས་ཀྱི་སྒྱུ་རྩལ་ལམ་ཐབས་ཇུས་དེ་ཉོན་མོང་ལ་ཐུག་བསྡད་ཡོད་པར་བརྟེན་ནས། འཚང་མ་རྒྱས་ཀྱི་བར་དུ་ཉོན་མོང་ཟེར་བ་དེ་མེད་པ་བཟོ་ག་ལ་ཐུབ། འགྲོ་བ་མིའི་རིགས་བྱུང་ནས་མི་ལོ་ས་ཡ་མང་པོའི་རིང་ང་ཚོའི་ལུས་རྟེན་འདི་ཉོན་མོང་ལ་བརྟེན་ནས་སྲོག་འཚོས། ཉོང་མོན་ལ་བརྟེན་ནས་རིགས་འཚོས་ནས་ང་ཚོ་ད་ལྟ་བར་མུ་མཐུད་ནས་ལྷག་བསྡད་ཡོད་པར་བརྟེན། རང་གཞན་སུ་ཡིན་ཡང་ལྟོ་འགྲོས་ཀླད་པ་དེ་ཕར་དབྱུགས་ནས་ལྷད་མེད་ཀྱི་ཟུར་གནས་སྐྱེས་བུ་ཞིག་ལ་འགྱུར་རྒྱུ་དཀོན་པོ་ཡིན་རྒྱུ་རེད།
དཔེར་ན་ཨ་རི་མངའ་སྡེ་གཅིག་སྒྲིལ་རྒྱལ་ཁབ་ཀྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཝི་ལིམ་ཌོག་ལ་སི་(༡༨༩༨- ༡༩༨༠) ཡིས་བཤད་པའི་གཏམ་སྐད་གྲགས་ཅན་ཞིག་ནང་འདི་ལྟར་བཤད་ཡོད། ཆེའི་མཐོའི་ཁྲིམས་ཁང་ནང་རྩ་ཁྲིམས་གཞི་ལ་བཞག་ནས་ཐག་གཅོད་བྱེད་དུས་[ཀྱང་]ཐག་གཅོད་90% ཚོར་བའི་དབང་དུ་འགྲོ་གི་ཡོད། ལྷག་མ་10% དེ་རང་གི་ཚོར་བའི་དབང་དུ་སོང་བའི་ཐག་བཅོད་དེར་རྒྱབ་སྐྱོར་ཆེད་རྟོག་དཔྱོད་ཀྱི་ནུས་པ་བེད་སྤྱོད་ཀྱི་ཡོད་ཅེས་བརྗོད་མྱོང་ཡོད། དེར་བརྟེན་རྣམ་དཔྱོད་ཀྱིས་ཁ་ལོ་ཡོངས་སུ་བསྒྱུར་ནས་རང་ཚུགས་བཟུང་ཐུབ་རྒྱུ་དེ་དཀའ་ལས་ཁག་ཙམ་ཡིན་པ་འདྲ།
རེད་དེ་དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས་རང་གི་ཀླད་པའི་རང་ལ་མགོ་སྐོར་ཅི་འདྲ་གཏོང་གི་ཡོད་པ་དེར་དོ་སྣང་ཅི་ཡང་མ་བྱས་པར་དེའི་བྲན་གཡོག་ཏུ་རྒྱུག་ཚེ། ང་ཚོ་ལ་ཡོད་པའི་མ་འོངས་ཀྱི་ཟམ་ཆེན་ལས་རྒྱུའི་རྩ་ཆེན་གྱི་སྡོང་པོ་དེ་ང་ཚོ་རང་གིས་སོལ་བ་ལ་བསྒྱུར་སྲིད་ཀྱི་རེད།
བོད་ལ་ཆ་བཞག་ན། བོད་མི་ཡོངས་རྫོགས་རྡོག་རྩ་གོང་བུ་གཅིག་ཏུ་བསྒྲིལ་རྒྱུ་དེ་བོད་ཀྱི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཉག་གཅིག་ཡིན་པ་དེ་བོད་མི་ཚང་མ་ཡིས་ཤེས་ཀྱི་ཡོད་པ་མ་ཚད། དེ་འདྲ་ཡོང་རྒྱུའི་རེ་འདུན་ཡང་བྱེད་ཀྱི་ཡོད་མོད། འོན་ཀྱང་ནང་ཁུལ་གྱི་འགལ་བའི་ཚོར་བ་ཞིག་ལང་ཡོང་དུས་བོད་སྤྱི་ཆོས་ལས་ཆོལ་ཁ་གཅིག་གམ་ཆོས་ལུགས་གཅིག་གལ་ཆེ་སྣང་ཤར་ཡོང་བ་དང་དེའི་ཆེད་དུ་རྩོད་གླེང་ཡོང་བཞིན་པ་འདི་དག་རེད། འདི་ནི་ལྟོ་འགྲོའི་ཀླད་པའི་བྱེད་ལས་ཀྱིས་མིའི་རྣམ་དཔྱོད་ཀྱི་ཀླད་པའི་སྒོ་བཀག་པ་ལས་ཡོང་གི་ཡོད།
གང་ལྟར་རང་ཕྱོགས་དང་གཞན་ཕྱོགས་ཀྱི་ཚོར་བའི་ནང་རང་ཕྱོགས་ལ་གནོད་པའི་ཚོར་སྣང་ཅན་གྱི་ཚིག་གཅིག་གོ་བའམ་ཐ་ན་རྣམ་རྟོག་གཅིག་སྐྱེས་མ་ཐག་ལམ་སང་ལྟོ་འགྲོའི་ཀླད་པ་དེས་དབང་སྒྱུར་བྱས་ཏེ་རྣམ་དཔྱོད་ཀྱི་ཀླད་པ་བཙོན་ལ་འཇུག་གི་ཡོད་པ་དེར་དྲན་ཤེས་ཡང་ཡང་བྱེད་རྒྱུ་དེ་མི་སྒེར་ལ་མཚོན་ན་མི་ཚེའི་བདེ་སྐྱིད་ཀྱི་འབྱུངས་ཁུངས་ཤིག་དང་ཤེས་བྱ་འཇུག་སའི་སྣོད་ཀྱི་ཁ་ཡིན་ལ། ལྷག་པར་དུ་ང་ཚོའི་བོད་སྤྱི་དོན་གྱི་ཆེད་དུ་འདི་ནི་ངེས་པར་དུ་བྱ་དགོས་པ་ཞིག་ཡིན་ཏེ། གལ་ཏེ་ང་ཚོས་རང་གི་ལྟོ་འགྲོས་ཀླད་པ་དེ་ཀླད་པའི་རྒྱལ་པོའི་ཁྲི་ཐོག་ལ་ནམ་འདོད་འདོད་དུ་འཛེགས་བཅུག་ཚེ། དགྲ་ཕྱོགས་ཀྱི་གྱ་གྱུའི་སྐུད་སྣེ་རྣམས་ཀླད་པ་གླེན་པ་དེར་བཏགས་ནས་བོད་མི་རྣམས་ཙི་ཙི་རས་པ་འམ་མིང་གཞན་ལ་ཐག་སྒུལ་འདྲ་གཟུགས་དང་གསང་ཐག་ལྷ་མོ་ཟེར་བ་དེ་འཁྲབ་འཇུག་རྒྱུ་རེད་ལ། དེ་ནས་བོད་ཀྱི་ནུས་པ་དང་བཙན་པོའི་སྙིང་ཁམས་ཀྱི་ཁྲག་རྒྱུན་ལྷག་མ་འདི་རྨུ་ཐག་གི་གཏམ་རྒྱུད་ཀྱི་རྗེས་ལ་བསྙེགས་ནས་ས་ཆེནའདི་ནས་ཡལ་འགྲོ་རྒྱུ་རེད།
དེས་ན། འགག་ལ་ཐུག་དུས་བྱ་བ་དང་པོ་དེ། དབུགས་ལམ་ལྷོད་ཙམ་དང་། ཕྲག་པ་དང་ལྟོ་བ་ལྷོད་ཙམ་བྱས་ཐོག ངོ་ཤ་ལ་བཅོས་མིན་གྱི་འཛུམ་ཅུང་ཞིག་མ་ཞུགས་བར་སྒུག་ནས། ཐོད་པའི་རྒྱབ་ཀྱི་ཀླད་པ་དེ་གནམ་མཐའི་བར་དུ་བསྲིང་། ལྟག་པའི་ནང་གི་ཀླད་པ་དེ་རྐང་མཐིལ་འོག་ཏུ་མནན་སྟེ། བྱང་ཁོག་སྟོད་ལ་རྒོད་ཐང་དཀར་སྐོར་ལྡིང་བྱེད་ས་ཡོད་པ་ཞིག་དང་རྒྱུ་ཁོག་སྨད་ལ་རྒྱལ་མོ་རྔུལ་ཆུ་འཁོར་རྒྱུག་བྱེད་ས་ཡོད་པ་ཞིག་བཟོས་རྗེས། མནོ་བསམ་ཞིག་གཞི་ནས་ཐོངས་དང་། དེ་རྗེས་གལ་ཏེ་འཕག་དགོས་པ་ཞིག་མཐོང་ན་འཕགས་དང་མི་འགྱོད་པའི་ལམ་སྣེ་ཟིན་རྒྱུ་རེད།
སྤྱིར་བཏང་སྐྱེས་བུ་རབ་འབྲིང་ཐ་གསུམ་ཟེར་སྲོལ་ཡོད་པ་ལྟར་མི་འདྲ་མིན་ལ་རང་གི་ཀླད་པ་སྟངས་འཛིན་བྱེད་པའི་ནུས་པ་ཆེ་ཆུང་འདྲ་མིན་ཡོད་ཀྱི་རེད་དེ། ལྟོ་འགྲོའི་ཀླད་པའི་རང་གཤིས་དེ་ཤེས་པར་བྱེད་རྒྱུ་དེ་གནད་འགག་ཆེན་པོ་རེད་འདུག་དྲན་ནས་རང་གཞན་ཚང་མར་དྲན་སྐུལ་ཆེད་དུ་བྲིས་པ་ཡིན།