ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་ཆེན་པོ་བཅུ།

གཅིག ཁོང་ནི་བོད་དུ་སྐྱེས་ཤིང་བོད་དོན་ཆེད་དུ་རྒྱ་ཡི་བཙོན་ཁང་འགྲིམས། བཙན་བྱོལ་ནང་དུ་ཡང་ལོ་མང་བཞུགས་པ་བཅས་ཀྱི་ཆ་ནས་རྒྱ་བོད་གཉིས་ཀྱི་གནས་སྟངས་སྲིད་སྐྱོང་འོས་མི་གཞན་དག་ལས་རྒྱུས་མངའ་ཆེ་བ།
གཉིས། ཁོང་ནི་རྒྱ་ནག་གི་ཆབ་སྲིད་ཉམས་ཞིབ་པ་དང་། རྒྱ་ཡིག རྒྱ་སྐད་མཁྱེན་པས་རྒྱ་ནག་གི་ཆབ་སྲིད་འཕོ་འགྱུར་རྟོགས་པར་དབྱིན་ཡིག་དང་། བོད་ཡིག་བརྒྱུད་མི་དགོས་པར་རང་མགོ་ཐོན་པ་བཅས་ཀྱི་ཆ་ནས་སྲིད་སྐྱོང་འོས་མི་གཞན་དག་ལས་རྒྱ་ནག་གི་ཆབ་སྲིད་ལ་རྒྱུས་ལོན་ཡོད་པའི་དམིགས་བསལ་ཁྱད་ཡོན་ལྡན་པ།
གསུམ། ༡༩༧༢ ནས་ ༢༠༡༥ བར་མི་ལོ་ ༤༣ རིང་དབུ་མའི་ལམ་ལ་ཆབ་སྲིད་ཀྱི་ཐོག་ནས་གྲུབ་འབྲས་དམིགས་བསལ་བྱུང་མེད་པ་དངོས་ཡོད་ཡིན་པ་དང་། བོད་ནང་གི་གནས་སྟངས་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་གནས་སྟངས་ལ་ཁྱོན་ཡོངས་ནས་བསྐྱར་ཞིབ་དང་ལེགས་བཅོས་བྱེད་དགོས་པ་དུས་ཀྱི་དགོས་མཁོ་ཞིག་ཏུ་གྱུར་ཡོད་ལ། ཁོང་ནི་དགོས་མཁོ་འདི་ལག་བསྟར་བྱེད་པའི་ཆོད་སེམས་ཡོད་པའི་ཆ་ནས་སྲིད་སྐྱོང་འོས་མི་གཞན་དག་ལས་སྙིང་སྟོབས་ལྡན་པ།
བཞི། དེང་གི་དུས་སུ་བོད་མི་ནང་ཁུལ་ལ་དབུ་མ་དང་། རང་བཙན་རྩོད་གླེང་བྱེད་བཞིན་པའི་སྐབས་འདིར། ཁོང་གིས་གཞུང་གི་སྲིད་བྱུས་དེ་བོད་མི་ནང་ཁུལ་གྱི་རྩོད་གླེང་འདིར་བར་གནས་གནང་གི་ཡིན་གསུང་གིན་ཡོད་པས། ཁོང་ནི་བོད་མི་ནང་ཁུལ་ལ་དབུ་མ་དང་རང་བཙན་གར་འགྲོ་རྩོད་བྱེད་མི་དགོས་པའི་སྲིད་བྱུས་ཡོད་པའི་ཆ་ནས་སྲིད་སྐྱོང་འོས་མི་གཞན་དག་ལས་གུ་ཡངས་ཀྱི་ཁྱད་ཆོས་ལྡན་པ།
ལྔ། རྒྱལ་སྤྱིའི་འབྲེལ་ལམ་ཁྲོད་བོད་པ་རང་གི་ངོ་བོ་ལྡན་པའི་ཆབ་སྲིད་ཀྱི་གཟུགས་བརྙན་ཞིག་བསྐྲུན་རྒྱུ་ལས། ཨ་རྒྱ་གཉིས་ཀྱི་ཆབ་སྲིད་ཀྱི་དགོས་མཁོའི་འོག་ཏུ་ཁེ་ཕན་འཚོལ་བའི་བྲན་གཡོག་རིང་ལུགས་ཀྱི་ཆབ་སྲིད་ལངས་ཕྱོགས་འཛིན་གྱི་མེད་པས་ཆབ་སྲིད་རང་བཞིན་གྱི་རང་ཚུགས་ལྡན་པའི་ཆ་ནས་ཁོང་ནི་སྲིད་སྐྱོང་འོས་མི་གཞན་དག་ལས་དམིགས་བསལ་ལྗིད་ཁོག་ལྡན་པ།
དྲུག བོད་མིའི་གཞུང་གི་ཆབ་སྲིད་ཀྱི་རང་བཞིན་གྱི་ཆོས་ལུགས་པའི་དབང་བསྒྱུར་དང་རྗེས་འབྲངས་བྱེད་རྒྱུ་མིན་པར། འཇིག་རྟེན་སྤྱི་ཡོངས་ཀྱི་སྲིད་གཞུང་གི་ལས་དོན་གནང་ཕྱོགས་ལྟར་གནང་རྒྱུ་ལས། ཁོང་ནི་ལྷ་འདྲེ་ལ་ཁོག་ཞུགས་ཀྱི་རྗེས་སུ་འབྲངས་རྒྱུ་མིན་པའི་ཆ་ནས་སྲིད་སྐྱོང་འོས་མི་གཞན་དག་ལས་ཆབ་སྲིད་པའི་རང་གཤིས་ལྡན་པ།
བདུན། ད་བར་བོད་མིའི་ཤེས་ཡོན་སྲིད་བྱུས་དེ་གཞན་གྱིས་བཟང་ངན་གང་བྱས་ཀྱང་བྱང་ཆུབ་སེམས་སྒོམ་དགོས་པའི་ཆོས་ལུགས་ཀྱི་སློབ་གསོ་ཞིག་ཡིན་པ་ལ། ཁོང་གིས་བཟང་ལ་བཟང་། ངན་ལ་ངན་བྱེད་དགོས་པའི་འགྲོ་བ་མིའི་རང་བཞིན་དང་འཚམ་པའི་ཤེས་ཡོན་གོ་རྟོགས་ལག་བསྟར་གནང་རྒྱུ་ཡིན་པའི་ཆ་ནས་སྲིད་སྐྱོང་འོས་མི་གཞན་དག་ལས་འགྲོ་བ་མིའི་ཤེས་ཡོན་ལྟ་ཚུལ་ཡོད་པའི་དམིགས་ཁྱད་ཆོས་ལྡན་པ།
བརྒྱད། ད་བར་བཙན་བྱོལ་བོད་གཞུང་མང་གཉིས་ནས་རྒྱ་ནག་གཞུང་ལ་བསྟུན་མཁས་བྱས་ནས་རྒྱལ་སྤྱིའི་ཁྱོན་དུ་ཡོད་པའི་རྒྱ་རྒོལ་ཤོག་ཁག་དང་མཉམ་ལས་གནང་མེད་མོད། དེ་ཡིས་ཆབ་སྲིད་ཀྱི་ཐོག་ནས་ཕན་ནུས་གང་ཡང་ཐོབ་མེད་པ་མངོན་གསལ་ལ་སོང་། ཁོང་གིས་རྒྱ་རྒོལ་སྟོབས་ཤུགས་མཉམ་ལས་ཀྱི་སྒོ་ནས་བོད་དོན་ལྗིད་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་པའི་ཆ་ནས་སྲིད་སྐྱོང་འོས་མི་གཞན་དག་ལས་ཁྱད་ཆོས་ལྡན་པ།
དགུ རྒྱ་ནག་གཞུང་གིས་བོད་དོན་ཟེར་བ་ཞིག་མེད་ཅེས་འཛམ་གླིང་ལ་སྒྲོག་བཞིན་པའི་སྐབས་འདིར། བོད་དོན་དེ་བོད་དོན་རང་གི་ངོ་བོའི་ཐོག་ནས་འཛམ་གླིང་ལ་ཁྱེར་བ་བརྒྱུད་བོད་དོན་ཟེར་བ་ཞིག་ཡོད་པའི་ར་སྤྲོད་འཛམ་གླིང་ལ་བྱེད་པ་བརྒྱུད། རྒྱ་ནག་གཞུང་གིས་བོད་དོན་ཟེར་བ་ཞིག་ཡོད་པ་ངོས་ལེན་བྱེད་དུ་འཇུག་རྒྱུའི་སྲིད་བྱུས་ཡོད་པའི་ཆ་ནས་ཁོང་ནི་སྲིད་སྐྱོང་འོས་མི་གཞན་དག་ལས་དམིགས་བསལ་གཟིགས་རྒྱང་ལྡན་པ།
བཅུ། ཁྱོད་རང་བོད་མི་ཞིག་ཡིན་ཕྱིན་ནང་པ་ཡིན་དང་། ཁ་ཆེ་ཞིག་ཡིན། ཆོས་ལུགས་ཁས་མི་ལེན་མཁན་གང་ཡིན་རུང་། གཙོ་བོ་ཁྱོད་རང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་དོན་འཐབ་རྩོད་ལ་མཉམ་རུབ་དགོས་པའི་ཆིག་སྒྲིལ་སྲིད་བྱུས་ཡོད་པའི་ཆ་ནས་ཁོང་ནི་སྲིད་སྐྱོང་འོས་མི་གཞན་དག་ལས་བོད་མིའི་ཆིག་སྒྲིལ་སྲིད་བྱུས་ལ་དམིགས་བསལ་ཁྱད་ཆོས་ལྡན་ཡོད།
དེས་ན་ཁྱོད་རང་གི་ཐོབ་ཐང་གི་འོས་གཅིག་པུ་དེ་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ལ་བླུགས་ན་རྩ་ནས་ནོར་མེད།
དྲ་མིང་བཙན་པོའི་དྭ་ཕྲུག་ནས།