ཁ་ཆེའི་ལྷ་ཁང་ཞིག་ནང་མེ་མདའ་བརྒྱབ་ནས་མི་༦ བསད་ཡོད་འདུག

ཟླ་འདིའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་སྦིས་སྦིས་སིའི་ནང་གནས་ཚུལ་འཁོད་གསལ་ལྟར་ན། ཟླ་འདིའི་ཚེས་༢༩ ཉིན་གྱི་དགོང་མོར། ཁེ་ན་ཌའི་གྲོང་ཁྱེར་ཁུ་སྦིག་ནང་དུ་ཡོད་པའི་ཁ་ཆེ་ལྷ་ཁང་ཞིག་གི་ནང། དྲག་སྤྱོད་པ་འགའ་ཞིག་གིས་མེ་མདའ་གང་བྱུང་བརྒྱབ་ནས་མི་དྲུག་གི་ཚེ་སྲོག་ཤོར་ཡོད་པ་དང་། མི་༨ ལ་རྨས་སྐྱོན་ཕོག་ཡོད་འདུག

16395877_1396659803691218_270619177_nདེ་ཡང་ཉིན་དེར་མི་མང་པོ་ཞིག་ལྷ་ཁང་དེར་དགོང་མོའི་ཞལ་འདོན་གསོལ་འདེབས་ཆེད་འཛོམས་ཡོད་པ་དང་སྟབས་བསྟུན། དྲག་སྤྱོད་པས་དྲག་རྒོལ་བྱས་ཡོད་འདུག

ད་ལྟའི་ཆར་ཉེན་རྟོག་པས་གནས་ཚུལ་དེ་དང་འབྲེལ་ནས། མི་གཉིས་འཇུ་བཟུང་བྱས་ཡོད་པ་དང་། ཁོ་ཚོས་དོགས་ཡོད་མི་སྣ་གཞན་པ་བྲོས་ཐར་མེད་པར་ཡིད་ཆེས་ཡོད་སྐོར་བརྗོད་ཡོད་འདུག

གནས་ཚུལ་དེ་དང་འབྲེལ་ནས་ཁེ་ན་ཌའི་སྲིད་བློན་གྱིས། ཁ་ཆེ་བར་འཇིགས་སྐུལ་རིང་ལུགས་ཀྱི་དྲག་རྒོལ་བྱས་པ་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ། དེ་བཞིན་དྲག་རྒོལ་དེའི་རིགས་ནི་སེམས་སྐྱོ་བའི་གནས་ཚུལ་ཞིག་ཡིན་པ། ཁེ་ན་ཌའི་ནང་མི་རིགས་དང་ཆོས་ལུགས་སྣ་ཚོགས་ཡོད་པ་དེ་ནི་ཁོ་ཚོའི་སྟོབས་ཤུགས་དང་ཆོས་ལུགས་གཞན་ལ་གུས་བརྩི་དང་། བཟོད་སྲན་བྱེད་པ་དེ་ནི་ཁེ་ན་ཌའི་མི་མང་གི་རིན་ཐང་བརྩི་བའི་ལྟ་སྤྱོད་ཡིན་སྐོར་བརྗོད་ཡོད་འདུག

དེ་བཞིན་ཁ་ཆེ་བ་རྣམས་ཀྱིས་ཕག་ཤ་ཟ་ཡི་མེད་ཀྱང་། ལོ་སྔོན་མའི་ཟླ་༦ པའི་ནང་ལྷ་ཁང་དེའི་སྒོ་འགྲམ་དུ་སུ་ཡིན་མི་གསལ་བར་ཕག་མགོ་ཞིག་བཞག་ཡོད་འདུག །

གསར་འགོད་སྦྱོང་བརྡར་བ་ཐུབ་བསྟན་རྒྱལ་མཚན།