ཁ་དོག་སྒྱུ་རྩལ་ཚོགས་པར་རུ་བྷིན་འགྲེམས་སྟོན་ཁང་གི་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ་འདུག

ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༨ ཉིན། ཁ་དོག་སྒྱུ་རྩལ་ཚོགས་པའི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་༢༠༢༥ ལོའི་ཨ་སྒོར་ཁྲི་གསུམ་ཡོད་པའི་རུ་བྷིན་འགྲེམས་སྟོན་ཁང་གི་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་དེ་དྷ་སར་གསར་འཛུགས་བྱས་པའི་ཁ་དོག་སྒྱུ་རྩལ་ཚོགས་པར་ཐོབ་འདུག

པར། ཁ་དོག་སྒྱུ་རྩལ་ཚོགས་པ།

བྱ་དགའ་དེ་ནི་ཧི་མ་ལ་ཡའི་ས་ཁུལ་དང་འབྲེལ་བའི་དེང་རབས་སྒྱུ་རྩལ་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་བྱ་དགའ་ཆེ་ཤོས་ཤིག་ཆགས་ཡོད་འདུག
འདི་ག་གསར་ཁང་གིས་ཁ་དོག་སྒྱུ་རྩལ་ཚོགས་པ་གསར་འཛུགས་གནང་མཁན་གྱི་ཚོགས་མི་བཀྲ་ཤིས་ཉི་མ་བཅར་འདྲི་ཞུས་པར། ཁོང་གིས་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་། ཚོགས་པའི་བརྩམས་ཆོས་ལ་བརྟེན་ནས་བྱ་དགའ་དེ་སྤྲད་པ་རེད་བསམ་གྱི་འདུག་ཅེས་དང་། རུ་བྷིན་འགྲེམས་སྟོན་ཁང་ནས་བྱ་དགའ་གནང་རྒྱུ་ཡིན་པ་གོ་དུས་ཧ་ཅང་དགའ་པོ་བྱུང་ལ་མ་འོངས་པ་ལས་དོན་བྱེད་ཕྱོགས་ལ་ཡང་སྐུལ་མ་ཐེབས་བྱུང་ཞེས་བརྗོད་སོང་།
ཁ་དོག་སྒྱུ་རྩལ་ཚོགས་པ་ནི་ཕྱི་ལོ་༢༠༢༣ ལོར། དྷ་སར་གནས་སྡོད་བྱེད་མཁན་སྒྱུ་རྩལ་པ་བཀྲ་ཤིས་ཉི་མ་དང་བསྟན་འཛིན་སྨིན་ལེགས། ལེ་ཡ་བཀྲ་ཁེ་བཅས་གསུམ་གྱིས་བོད་ཀྱི་གསར་སྐྱེས་སྒྱུ་རྩལ་བ་ཚོ་ལ་རྒྱབ་སྐྱོར་དང་། ཁོང་ཚོའི་བརྩམས་ཆོས་འགྲེམས་སྟོན་དང་སྒྱུ་རྩལ་བ་ཕན་ཚུན་བསམ་ཚུལ་བརྗེ་རེས་བྱེད་རྒྱུ་སོགས་ལ་དམིགས་ནས་གསར་འཛུགས་བྱས་ཡོད་འདུག
ཚོགས་པའི་གོ་སྒྲིག་འོག་ད་བར་བཙན་བྱོལ་བོད་རིགས་སྒྱུ་རྩལ་བའི་རི་མོའི་འགྲེམས་སྟོན་དང་བྱིས་པའི་སྒྱུ་རྩལ་འགྲེམས་སྟོན། ཁ་དོག་ཅེས་པའི་དྲ་ཐོག་ཏུ་བོད་ཀྱི་སྒྱུ་རྩལ་པ་ངོ་སྤྲོད། དེ་བཞིན་དྷ་སའི་ཉེ་འཁོར་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ཏུ་སྒྱུ་རྩལ་ཐོག་ཟབ་སྦྱོང་སྤྲད་པ་སོགས་ཀྱི་ཕྱག་ལས་གནང་ཡོད་འདུག ཟླ་འདིའི་ཚེས་༢༥ ནས་ཉིན་གྲངས་བཅོ་ལྔ་ཙམ་གྱི་རིང་། ཡིད་བཞིན་ཞེས་པའི་བརྗོད་གཞི་ཐོག་བཞུགས་སྒར་དུ་སྒྱུ་རྩལ་བ་༢༢ ཀྱི་བརྩམས་ཆོས་འགྲེམས་སྟོན་གྱི་བྱེད་སྒོ་ཞིག་སྤེལ་རྒྱུ་ཡིན་འདུག
རུ་བྷིན་འགྲེམས་སྟོན་ཁང་ནི་ཕྱི་ལོ་༢༠༠༤ ལོ་གསར་འཛུགས་གནང་ཡོད་པ་དང་། སྒྱུ་རྩལ་བྱ་དགའ་དེ་ནི་ཧི་མ་ལ་ཡའི་སྲོལ་རྒྱུན་གྱི་སྒྱུ་རྩལ་དེ་དེང་རབས་ཀྱི་འཚོ་བ་དང་སྦྲེལ་མཐུད་བྱེད་པའི་ཐད་ལ་གསར་གཏོད་དང་། དོན་སྙིང་ལྡན་པའི་བྱས་རྗེས་འཇོག་མཁན་འཚོ་བཞུགས་ཀྱི་སྒྱུ་རྩལ་པ་དང་ཚོགས་པ་ཁག་ལ་ངོས་འཛིན་དང་རྒྱབ་སྐྱོར་བྱེད་ཆེད་ཕྱི་ལོ་༢༠༢༤ ལོ་གནང་འགོ་བཙུགས་ཡོད་འདུག ཐོག་མའི་བྱ་དགའ་དེ་ཧི་མཱ་ཅལ་མངའ་སྡེའི་ཀམ་རའོ་བོད་མིའི་གཞིས་ཆགས་ནས་ཡིན་པའི་དེང་དུས་རི་མོའི་སྒྱུ་རྩལ་བ་བསྟན་འཛིན་འགྱུར་མེད་རྡོ་རྗེ་ལ་ཕུལ་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།