ཁ་སང་གི་བོད།དེ་རིང་གི་ཡུག་རེན།སང་ཉིན་གྱི་ཐའེ་ཝན།

                                                      

ཡུག་རེན་དང་ཨ་རིའི་སྲིད་འཛིན་ཐུག་སྐབས། པར་རྩོམ་པ་པོས་མཁོ་སྤྲོད་གནང་།

    —སྤྱི་ཟུར་བློ་བཟང་གྲགས་པ།

གང་ལྟར་རང་གཅེས་འཛིན་ཇེ་ཆེར་སོང་དང་འགྲོ་བཞིན་པའི་འཛམ་གླིང་གོ་ལ་འདིའི་སྟེང་། སོ་སོ་རང་ཉིད་ཀྱིས་མ་འཇོན་ན།གཞན་བརྟེན་དང་ཡིད་ཆེས་གཡང་རྒྱུགས་འབའ་ཞིག་གི་འོག། རང་ཉིད་གཟི་བརྗིད་ངང་གསོན་ཐབས་བྲལ་བ་དང་། དེ་ནི་ང་ཚོས་ལོ་རྒྱུས་ནས་སློབ་གསོ་ལེན་དགོས་པའི་གནད་དོན་ཞིག་རེད། དེ་མིན་ན།ཁ་སང་གི་བོད། དེ་རིང་གི་ཡུག་རེན། སང་ཉིན་གྱི་ཐའེ་ཝན་བཅས་མུ་མཐུད་སྐྱོ་གར་གྱི་ལེའུ་རྫོགས་རྒྱུ་མེད་པ་ཡོང་ངེས་རེད།

གལ་སྲིད་ནམ་ཞིག་རྒྱ་ནག་གིས་ཐའེ་ཝན་ལ་དམག་ཐབས་བཙན་འཛུལ་བྱས་པ་ཡིན་ན། ནུབ་ཕྱོགས་རྒྱལ་ཁབ་དག་ནི་ཐའེ་ཝན་དང་ཁ་ཐག་རིང་པ་མ་ཟད། ཁོང་ཚོས་རང་ཉིད་ལ་ཁེ་ཕན་དེ་ཙམ་མེད་པའི་ཐའེ་ཝན་ཆེད་དུ་དམག་འཐབ་ཀྱི་རོགས་པ་བྱས་ནས་རྒྱ་ནག་ལ་དགྲ་ཁ་གཏད་དུ་ལང་རྒྱུ་ཡིན་མིན་ནི་ཐེ་ཚོམ་རེད། ལྷག་པར་ད་ལྟའི་ཆར། ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་དམག་འཁྲུག་རྐྱེན་པས། ཡོ་རོབ་དང་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོར་དཔལ་འབྱོར་གྱི་ཉམས་གུད་སོང་ཡོད་པ་དང་། རྒྱལ་ཁབ་དེ་དག་གི་མི་དམངས་ཚོས་ཀྱང་རྒྱལ་ཁབ་གཞན་ལ་རོགས་དངུལ་སྤྲོད་པའི་འདོད་པ་ཇེ་ཆུང་དུ་སོང་ཟིན་པ་མ་ཟད། མ་འོངས་པར་དེ་ལས་སྡུག་ཏུ་འགྲོ་རྒྱུ་ཡིན་པ་ཉག་ཅིག་རེད།བཤད་སྲོལ་ལ། ཐག་རིང་གི་ཆུ་ཡིས་ཉེ་འགྲམ་གྱི་སྐོམ་སེལ་མི་ཐུབ་ཅེས་པ་ལྟར། ཐའེ་ཝན་དང་ཁ་ཐག་རིང་བའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་དེ་དག་གིས་ཐའེ་ཝན་ལ་དོན་འབྲས་ལྡན་པའི་རོགས་སྐྱོར་བྱེད་རྒྱུ་ནི་ཁག་པོ་ཆགས་ཟིན་པ་རེད། ད་ཐེངས་ཨ་རིའི་སྲིད་འཛིན་ལས་ཁུངས་ཀྱིས་ཡུག་རེན་སྲིད་འཛིན་ལ་ཐུབ་ཚོད་དང་དབང་ཡོད།

བློས་གཏོང་དང་སླུ་བྲིད་བྱེད་སྟངས་དེས་འཛམ་གླིང་མི་དམངས་ཕལ་ཆེ་བ་ལ་ཨ་རིའི་གཞུང་གི་ངོ་གདོང་ངོ་མ་དེ་བསྟན་པ་རེད། དེ་སྔ་ཨ་ཧྤི་གྷ་ནི་སི་ཐན(Afghanistan)ལ་བྱུང་བའི་ཨ་རིའི་བྱེད་སྟངས་དེ་ནས་འཛམ་གླིང་རྒྱལ་ཁབ་མང་པོས་ཨ་རིའི་གཞུང་ལ་དོགས་ཟོན་བྱེད་འགོ་བརྩམས་ཡོད་པ་དང་། ད་ཐེངས་ནི་དེ་སྔའི་དོགས་ཟོན་ལ་དངོས་ཡོད་ཀྱི་བདེན་དཔང་བྱས་པ་འདྲ་བོ་ཆགས་ཡོད་པས། ཨ་རིའི་གཞུང་གིས་ད་བར་ཕྱི་འབྲེལ་ཡིད་ཆེས་ཐོབ་ཐབས་ལ་དཀའ་ལས་བརྒྱབ་པ་ཕལ་ཆེར་སྟོང་ཟད་ལ་བཏང་ཡོད་པ་རེད། དེང་སང་ཨ་རི་ལ་རེ་བ་ཆེ་བཅོལ་བྱེད་ཀྱི་ཡོད་པའི་ཐའེ་ཝན་སྲིད་འཛིན་གཙོས་སྲིད་འཛིན་མང་པོས་ཀྱང་རང་ཉིད་ཀྱི་མི་དམངས་རྣམས་ཀྱི་བདེ་སྡུག་གཞིར་བཞག་ཐོག་བསམ་བློ་ཡག་པོ་ཞིག་མ་བཏང་རང་བཏང་ཆགས་ཡོད་ངེས་རེད། ཡུག་རེན་དང་བསྡུར་ན།ཐའེ་ཝན་ནི་ནུབ་ཕྱོགས་རྒྱལ་ཁབ་དག་ལ་ས་བབས་དང་ཐོན་རྫས་གཏེར་ཁ། དཔལ་འབྱོར་ཁྲོམ་རྭ་རྒྱ་སྐྱེད་བཅས་ཁྱོན་ཡོངས་ལ་དེ་ཙམ་གྱིས་གལ་འགངས་ཆེན་པོ་ཞིག་མ་རེད། ད་དབར་ཐའེ་ཝན་ལ་རོགས་འདེགས་ཞུས་དང་ཞུ་བཞིན་པ་ནི། ཐའེ་ཝན་གྱི་TSMCབཟོ་གྲྭ་དེ་དང་རྒྱ་ནག་ལ་འགྲན་རྩོད་བྱེད་ཐབས་ཙམ་ཡིན་པ་རེད། སོ་སོའི་མངའ་ཐང་བདག་དབང་དང་ཆབ་སྲིད་སྒྲོམ་གཞི་ལ་དོ་ཕོག་འགྲོ་གི་མེད་ན། རྒྱལ་ཁབ་སུས་ཀྱང་རང་ཉིད་ཀྱི་མི་དམངས་དང་དཔལ་འབྱོར། མངའ་ཐང་བདག་དབང་བཅས་ཡོངས་སུ་འབེན་ལ་བཙུགས་ནས་རྒྱལ་ཁབ་གཞན་ཞིག་ལ་ཡོད་ཚད་བློས་གཏོང་གིས་རོགས་འདེགས་དང་རྒྱབ་སྐྱོར་ཞུ་རྒྱུ་ནི་ཆབ་སྲིད་ཀྱི་ཆོས་ཉིད་ལ་མེད་པ་ཡིན་པས་དེའི་ཐད་ཐུགས་གཟབ་གནང་དགོས་གལ་རེད།

ང་ཚོས་ལོ་རྒྱུས་ལ་ཕྱི་མིག་འཕངས་ཏེ་བྱུང་ཟིན་པའི་གནས་ཚུལ་རྣམས་ལ་བསམ་བློ་ཡག་པོ་ཞིག་བཏང་ན།གནས་ཚུལ་ཡོད་ཚད་ལ་མངོན་ལྐོག་གང་རུང་གི་རྒྱབ་ལྗོངས་རྒྱུ་མཚན་འདྲ་མིན་སྣ་ཚོགས་ཤིག་ཡོད་ཡོད་པ་རེད། རྒྱུ་མཚན་དེ་དག་ཀྱང་རང་གཅེས་འཛིན་དང་སྒེར་སེམས་ཁེ་ཕན་འབའ་ཞིག་གི་ཆེད་དུ་ཡིན་པ་ལས། ལྷག་བསམ་རྣམ་དག་གི་རང་ལས་གཞན་གཅེས་ཀྱི་བསམ་བློའི་འདུ་ཤེས་ཤིག་ནས་བྱུང་བ་ཞིག་རྩ་བ་ནས་མིན་པ་རེད། བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་ཉམས་ཞིབ་བྱས་པ་ཡིན་ན། ང་ཚོས་ཤེས་རྟོགས་ཐུབ་པའི་བོད་ཀྱི་ཕམ་ཉེས་མང་པོ་ཞིག་ནི། བོད་ཀྱི་འབྲེལ་ཡོད་ཆབ་སྲིད་ཀྱི་འགོ་ཁྲིད་ཚོས་ཕྱི་ལོག་གི་མི་རིགས་དང་རྒྱལ་ཁབ་ལ་ཡིད་ཆེས་ཆེ་དྲགས་པ་དང་ཡིད་རྟེན་བཅོལ་དྲགས་པའི་དབང་གིས་ཡིན་པ། ང་ཚོས་ཡིད་རྟེན་བཅོལ་སའི་མི་རིགས་དང་རྒྱལ་ཁབ་དེ་ཚོས་གོ་སྐབས་དང་བསྟུན་སོ་སོའི་ཁེ་ཕན་བསྒྲུབ་ཆེད་དང་སོ་སོའི་སྟོབས་ཤུགས་ཀྱི་དབང་ཆ་དེ་དག་རྒྱ་བསྐྱེད་གཏོང་ཆེད་དུ་ཡིན་པ་ལས། བོད་མི་རིགས་ལ་ལ་ཞེན་དང་ཤ་ཚ་ཡོད་པའི་དབང་གིས་ནི་གཏན་ནས་མིན་པ་རེད།

དེ་སྔ་བོད་ཀྱི་མངའ་ཐང་བདག་དབང་ལ་ཉེན་ཁ་སླེབས་ནས་ཕྱི་ཕྱོགས་མི་རིགས་ཀྱིས་བཙན་འཛུལ་བྱེད་སྐབས། བོད་ཀྱི་ས་ཁྱོན་དང་ཐོན་ཁུང་ནས་སོ་སོའི་ཁེ་ཕན་སྒྲུབ་ཐབས་བྱེད་བསམ་པའི་མི་རིགས་དང་རྒྱལ་ཁབ་ཁ་ཤས་ཀྱིས་གནས་སྐབས་ལ་རྒྱབ་སྐྱོར་དང་ཕྱག་རོགས་གནང་ཡོད་ནའང་། ཁོང་ཚོའི་ཁེ་ཕན་གྱི་དམིགས་ཡུལ་འགྲུབ་པ་དང་། ཡང་ན་ཁོང་ཚོའི་ཁེ་ཕན་གྱི་དམིགས་ཡུལ་འགྲུབ་པའི་རེ་བ་མེད་པ་མཐོང་དུས། ཁོང་ཚོས་ཡ་ང་སྙིང་རྗེ་མེད་པར་ང་ཚོ་བློས་གཏོང་བྱེད་རྐྱང་བྱས་པ་རེད།དཔེར་ན།བོད་ས་ཡོངས་སུ་རྒྱ་ནག་གི་ལག་ཏུ་ཤོར་ཏེ་བོད་ཀྱི་ངོ་བོ་ཡོད་ཚད་རྩ་བརླག་ཏུ་འགྲོ་ལ་ཉེ་བའི་སྐབས། ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་དབུ་ཁྲིད་ནས་བོད་ཀྱི་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་བཙུགས་པ་རེད། ཁོང་ཚོས་རང་ཉིད་ཀྱི་ནུས་སྟོབས་ལ་དཔག་ནས་རྒྱ་དམག་དང་འཛིང་རེས་ཐེངས་མང་བྱས་པ་དང་། དེ་ནི་བོད་ལ་བཙན་རྒོལ་རྒྱལ་སྐྱོབ་ཀྱི་སྒྲིག་འཛུགས་གཅིག་པུ་དེ་ཡིན་པ་རེད། དུས་དེར་འཛམ་གླིང་ནང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ཚར་ཙམ་ཡིན་པ་དང་། རྒྱལ་སྤྱིའི་ཁྱོན་ཡོངས་ཨུ་རུ་སུ་དང་ཨ་རི་གཉིས་ཀྱི་ཕྱོགས་ཁ་ལ་ལངས་པའི་ལྟ་གྲུབ་ཀྱི་གྲང་དམག་གི་གནས་སྟངས་འོག་ལྷུང་ཡོད་པ་རེད། ཐལ་ཆ་ཆེ་བའི་ཆབ་སྲིད་ཀྱི་ཁོར་ཡུག་དེའི་འོག། རྒྱ་ནག་དང་ཨུ་རུ་སུ་གཉིས་ལག་སྒྲིལ་གྱིས་མང་གཙོའི་རྒྱལ་ཁབ་དག་ལ་ཁ་གཏད་དུ་ལངས་པ་མ་ཟད། ཁོང་ཚོས་ཨ་རི་རྒྱལ་ཁབ་ནི་བཙན་རྒྱལ་རིང་ལུགས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

དེ་རིང་གི་ཡུག་རེན་གྱི་གནས་སྟངས་འདི་ཉིད་སང་ཉིན་ཐའེ་ཝན་ལའང་ཡོང་རྒྱུ་རེད། རྒྱུ་མཚན་ནི། ཐའེ་ཝན་མང་གཙོ་ཚོགས་པར་རྒྱལ་ཁ་ཐོབ་པ་ནས། རྒྱ་ནག་ལ་ཁ་གཏད་ཇེ་ཆེ་དང་ཨ་རི་དང་འབྲེལ་བ་ཇེ་ཟབ་ལ་སོང་ཡོད། ལྷག་པར་ཏུ་ཚེ་ཡེང་ཝན་ཐའེ་ཝན་གྱི་སྲིད་འཛིན་ལ་སླེབས་པ་ནས། ཁོང་ཚོས་ཨ་རི་ལ་བསྟུན་མཁས་ཇེ་ཆེར་བཏང་ཡོད་པ་དང་། ཐའེ་ཝན་རང་བཙན་གྱི་ལྟ་གྲུབ་གོང་མཐོར་བཏང་ནས། ཐའེ་ཝན་གྱི་གཞི་རིམ་ཤེས་ཡོན་སྲིད་ཇུས་དང་ཕྱི་འབྲེལ་ཐབས་ཇུས། སྤྱི་ཚོགས་དྲིལ་བསྒྲགས་བྱེད་ཕྱོགས། དམག་དོན་ལ་འགྲོ་གྲོན་གཏོང་ཕྱོགས། མི་དམངས་ལ་བརྒྱུད་བསྐུལ་བྱེད་སྟངས་བཅས་ཚང་མ་ལ་འགྱུར་བ་ཆེན་པོ་སོང་ནས། ཨ་རིའི་གཞུང་གིས་སོ་སོའི་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་གདེང་ཚོད་ཆེན་པོ་བྱས་དང་བྱེད་མུས་རེད།ད་ལྟའི་ཐའེ་ཝན་སྲིད་འཛིན་ལེ་ཆིན་དེ་ཡིས་དེ་བས་མཁྲེགས་འཛིན་གྱི་ལྟ་བ་བཟུང་ནས། ཨ་རི་ལ་སྐྱབས་བཅོལ་ཐོག་ཐའེ་ཝན་གྱི་རང་བཙན་ཁྲིམས་མཐུན་དང་རྒྱལ་སྤྱིས་ཁས་ལེན་བྱེད་པ་ལ་འབད་བརྩོན་བྱེད་ཀྱི་ཡོད། དོན་དངོས་ཐོག། ཐའེ་ཝན་གྱི་ས་ཁམས་གནས་བབས་དང་གཏེར་ཁ་ཐོན་རྫས་བཅས་ཚང་མ་ནུབ་ཕྱོགས་རྒྱལ་ཁབ་དག་ལ་ཁེ་ཕན་དེ་ཙམ་མེད་པ་རེད། ཐའེ་ཝན་ལ་ངོམ་རྒྱུ་གཅིག་རང་གཅིག་ཡོད་པ་ནི། TSMCཞེས་པའི་བཟོ་གྲྭ་དེ་རེད། དེ་ནི་གློག་ཆས་ཀྱི་དངོས་རྫས་ཕལ་ཆེ་ལ་ངེས་མཁོ་ཡིན་པའི་མ་ལག་བཟོ་བསྐྲུན་བྱེད་ས་ཞིག་ཡིན་པ་དང་། བཟོ་གྲྭ་དེ་ནི་འཛམ་གླིང་ནང་སྔོན་ཐོན་ཆེ་ཤོས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

ཡིན་ནའང་། དེང་སང་ཨ་རིའི་སྲིད་འཛིན་གྱིས་བཟོ་གྲྭ་དེ་ནི་ཐའེ་ཝན་གྱིས་ཨ་རི་ནས་བརྐུས་པ་ཡིན་ཚུལ་བརྗོད་ནས། བཟོ་གྲྭ་དེ་ཉིད་ཨ་རིའི་སྟངས་འཛིན་འོག་འདུལ་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད། ཆབ་སྲིད་པ་མང་པོས་གློག་ཆས་མ་ལག་དེའི་འགྲན་རྩོད་ཁྲོད་རྒྱ་ནག་གི་གསར་གཏོད་ལ་ཡར་རྒྱས་འགྲོ་བཞིན་པའི་སྒང་། སྔ་ཕྱི་མ་གཏོགས་ཐའེ་ཝན་གྱི་TSMCབཟོ་གྲྭ་དེའང་དེ་སྔ་ལྟར་རིན་ཐང་མེད་པ་འགྱུར་ངེས་ཡིན་པ་དང་། བཟོ་གྲྭ་དེའི་བདག་དབང་ལའང་འཕོ་འགྱུར་འགྲོ་རྒྱུ་གཏན་ཁེལ་ཡིན་ཚུལ་རྗོད་ཀྱི་ཡོད། གནས་སྟངས་དེའི་འོག།མ་འོངས་པར་ཐའེ་ཝན་ལ་རྒྱབ་སྐྱོར་འཚོལ་ཐབས་ཀྱི་མ་རྩ་མེད་པ་འགྱུར་རྒྱུ་ཡིན་པ་དང་། ཐའེ་ཝན་ལ་བེད་སྤྱོད་ཀྱི་རིན་ཐང་ཆུང་དུ་འགྲོ་རྒྱུ་རེད་ཅེས་རྗོད་མཁན་ཡང་མང་པོ་རེད། ཨ་རི་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོས་ཐའེ་ཝན་རང་བཙན་ཡིན་པ་ངོས་ལེན་མེད་ནའང་གླིང་ཕྲན་དེ་ལ་རྒྱབ་སྐྱོར་གང་ཐུབ་བྱས་དང་བྱེད་མུས་རེད། དེའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གིས་ཐའེ་ཝན་དབང་འོག་ཏུ་བསྡུས་པ་ཡིན་ན། རྒྱ་ནག་གི་ལྷོ་ཤར་ཨེ་ཤི་ཡའི་གཡས་གཡོན་གྱི་རྒྱལ་ཁབ་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་མ་ཟད། རྒྱ་ནག་གི་དཔལ་འབྱོར་དང་ས་ཁམས་གནས་བབས་ལ་བཟང་ཕྱོགས་ཀྱི་ཡར་རྒྱས་ཕྱིན་ཏེ། འཛམ་གླིང་ཁྱོན་ཡོངས་ལ་ཤུགས་རྐྱེན་ཆེ་ཤོས་ཐེབས་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཆགས་རྒྱུ་ཡིན་པའི་སེམས་ཁྲལ་ཡོད་པའི་དབང་གིས་རེད།

དེང་སང་འཛམ་གླིང་ནང་ཆབ་སྲིད་ཀྱི་འཕོ་འགྱུར་ཆེ་ཤོས་ཤིག་ནི། ཨ་རིའི་གཞུང་གིས་ཡུག་རེན་གཞུང་ལ་བྱེད་སྟངས་ཀྱི་ཐད་གནམ་སའི་འགྱུར་བ་སོང་བ་དང་འགྲོ་བཞིན་པ་དེ་རེད། དེ་སྔ་ཨ་རིའི་སྲིད་འཛིན་བྷ་ཏྲན་དང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་ཡུག་རེན་ལ་རྒྱབ་སྐྱོར་ཕོན་ཆེན་བྱས་པ་མ་ཟད། ཡུག་རེན་སྲིད་འཛིན་ཛི་ལེན་སིཀི་(VolodymyrZelenskyy)ནི་དཔའ་བོ་ཞིག་ལ་ངོས་འཛིན་གྱིས།ཕོ་བྲང་དཀར་པོ་དང་གྲོས་ཚོགས་གོང་འོག་ལ་གདན་འདྲེན་ཞུས་ནས་སྣེ་ལེན་ཟབ་རྒྱས་ཞུས་པ་མ་ཚད། རོགས་དངུལ་དང་གོ་མཚོན་གྱི་རྒྱབ་སྐྱོར་ཕོན་ཆེ་བྱས་ནས་ཡུག་རེན་དམག་འཁྲུག་ནང་ད་ལྟའི་དབར་གསོན་གནས་ཐུབ་པ་བྱུང་ཡོད་པ་རེད། ཡིན་ནའང་ཌོ་ནལ་ཊམ་ཨ་རིའི་སྲིད་འཛིན་ལ་སླེབས་རྗེས། ཡུག་རེན་ལ་ལྟ་སྟངས་ནི་གནམ་སའི་འགྱུར་བ་སོང་ཡོད་པ་མ་ཟད། ཉེ་ཆར་ཛི་ལེན་སིཀི་(VolodymyrZelenskyy)ཨ་རིའི་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ནས་ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པ་གཉིས། ད་དུང་གཡས་གཡོན་ལ་ཡོད་པའི་འབྲེལ་ཡོད་ལས་བྱེད་ཚོས་རུབ་བརྒྱབ་ནས་ཁོང་ལ་ཟུར་ཟ་དང་དམའ་འབེབས། གཤེ་གཤེ་སོགས་བཏང་ནས་འཛམ་གླིང་མི་དམངས་ཀྱི་མདུན་ལ་ངོ་ཚ་ཕབ་པ་རེད།

དེ་ནི་གཙོ་བོར་ཨ་རིའི་གཞུང་གིས་ཡུག་རེན་དམག་མི་རྣམས་ཀྱིས་ཨུ་རུ་སུ་ཕམ་པ་བྱེད་ཐུབ་ཀྱི་མེད་པ་མཐོང་བ་དང་། རྒྱ་ནག་དང་ཨུ་རུ་སུ་གཉིས་མཉམ་འབྲེལ་དམ་ཟབ་མི་ཡོང་བའི་སྲིད་ཇུས་དང་། ཨ་རིའི་དཔལ་འབྱོར་འཕྲོ་བརླག་མི་འགྲོ་བ། ཡུག་རེན་ལ་བེད་སྤྱོད་བཏང་བའི་རིན་ཐང་མེད་པ་སོགས་རྒྱུ་མཚན་འདྲ་མིན་དབང་གིས།ཡུག་རེན་བློས་གཏོང་བྱེད་འགོ་བརྩམས་པ་རེད། གང་ལྟར་ད་ལྟའི་ཆར། ཡུག་རེན་གྱི་མངའ་ཐང་བདག་དབང་མང་པོ་ཨུ་རུ་སུ་ལ་ཤོར་ཟིན་པ་དང་། རྒྱལ་ནང་གི་གཏེར་ཁ་ཐོན་རྫས་ཕལ་ཆེར་ཨ་རིའི་ལག་ཏུ་ཤོར་ཟིན་པའི་ཡ་ང་བའི་གནས་སྟངས་ཤིག་ཏུ་ལྷུང་ཡོད་པ་དང་། དྲང་པོ་བཤད་ན། འདི་དག་ཡོད་ཚད་ཡུག་རེན་སྲིད་འཛིན་ཛི་ལེན་སིཀི་(VolodymyrZelenskyy)གིས་ཨ་རིའི་གཞུང་ལ་ཡིད་ཆེས་དང་བསྟུན་མཁས་བྱེད་དྲགས་པའི་མཇུག་འབྲས་ཡིན་པ་དང་། ཡུག་རེན་སྲིད་འཛིན་གྱི་དགོངས་པ་ལ། ཨ་རི་དང་ཡུ་རོབ་རྒྱལ་ཁབ་དག་ལ་མཚོན་ན། ཡུག་རེན་ནི་ཁོང་ཚོའི་ཆབ་སྲིད་ནང་མེད་དུ་མི་རུང་བ་ཞིག་ཡིན་པས། ཅིས་ཀྱང་བློས་གཏོང་བྱེད་རྒྱུ་མ་རེད་སྙམ་པའི་རང་ལྟ་མཆོག་འཛིན་གྱི་བསམ་བློའི་འབྲས་བུའང་ལོས་ཡིན། དེ་སྔ་ཡུག་རེན་གྱི་གནས་དོན་ཐད་ཡུ་རོབ་རྒྱལ་ཁབ་རྣམས་པེ་རི་སི་ལ་མཉམ་འཛོམས་ཀྱི་ཛ་དྲག་ཚོགས་འདུ་འཚོགས་སྐབས་ནས། ཡུ་རོབ་ནང་ཁུལ་ལ་བསམ་ཚུལ་མི་མཐུན་པ་ཤུགས་ཆེན་བྱུང་ནས་སྤྱི་མོས་ཀྱི་ཐག་གཅོད་གཅིག་ཀྱང་བྱུང་མེད་པ་རེད། ད་ཆར་ཨ་རིའི་གཞུང་གི་བྱེད་ལུགས་བྱེེད་སྟངས་དེའི་འོག། ད་ལྟའི་དབར་ཡུག་རེན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཡུ་རོབ་ལ་མཚོན་ནའང་ཁག་པོ་ཆགས་ཟིན་པ་དང་། ཡུག་རེན་ལ་རྒྱབ་སྐྱོར་བྱེད་འདོད་མེད་པའི་ཡུ་རོབ་ཀྱི་རྒྱལ་ཁབ་རྣམས་ལའང་ཁག་དཀྲི་བྱེད་ས་ཞིག་རག་པ་རེད། རྗེས་སོར་ཡུ་རོབ་རྒྱལ་ཁབ་རྣམས་ཀྱིས་ཀྱང་ཁ་མཁས་པ་དང་ཚིག་འཇམ་པོའི་ཐོག་ཡུག་རེན་བློས་གཏོང་བྱེད་རྒྱུ་ཡིན་པ་ནི་སྔ་ཕྱི་ཙམ་རེད་སྙམ།

ཡུ་རོབ་རྒྱལ་ཁབ་རྣམས་དམག་ཆེན་དང་པོ་དང་གཉིས་པ་གཉིས་ཀྱི་གཏོར་བཤིག་ཐད་ནས་དུམ་བུ་མང་པོ་ལ་སོང་ཟིན་པས་གྲང་དམག་གི་ཁོར་ཡུག་ནང་ནུས་པ་དེ་ཙམ་ཐོན་ཐུབ་ཀྱི་མེད། དུས་སྐབས་དེར།དམག་ཆེན་སྔ་ཕྱི་གཉིས་ཀའི་ནང་ཁེ་ཕན་ཆེན་པོ་བསྒྲུབས་པའི་ཨ་རི་གཞུང་ནི་ཨུ་རུ་སུ་དང་ཁ་གཏད་དུ་ལངས་ནུས་ཡོད་པའི་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཆེ་ཤོས་དེ་ཆགས་ཡོད། ལྟ་གྲུབ་ཀྱི་གྲང་དམག་ལ་ཕར་རྒོལ་ཚུར་འཛིང་བྱེད་པའི་གནས་སྟངས་དེའི་འོག། འཛམ་གླིང་ཁྱོན་ཡོངས་ནས་དཔུང་སྒྲིལ་ཚོགས་ཁག་གསར་འཛུགས་ལ་འབད་བརྩོན་བྱེད་པ་དང་དུས་མཚུངས། སོ་སོའི་ཁ་གཏད་རྒྱལ་ཁབ་ལ་ཕྱི་ནང་གསང་གསུམ་ནས་གཏོར་གཤིག་གཏོང་ཐབས་ལ་བྲེལ་བཞིན་ཡོད། རྒྱུ་མཚན་དེའི་དབང་གིས།ཨ་རིའི་གཞུང་གིས་ཆུ་སྒང་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་ལ་རོགས་སྐྱོར་བྱེད་འགོ་བརྩམས་པ་དང་། བོད་དམག་མང་པོ་ཨ་རི་ཀོ་ལ་ར་ཌོ་ས་གནས་སུ་ཁྲིད་དེ་དམག་སྦྱོང་སྤྲོད་པ་སོགས་བྱས་པ་མ་ཟད། ཨ་རིའི་གཞུང་གིས་གནམ་གྲུ་བརྒྱུད་བོད་ཀྱི་ས་ཐོག་ཏུ་ཆུ་སྒང་དམག་མི་རྣམས་ལ་གོ་ཚོན་གཡུགས་པ་སོགས་རོགས་སྐྱོར་ཆེན་པོ་བྱས་པ་རེད།

༡༩༦༠ལོ་ནས་༡༩༧༤བར་བལ་ཡུལ་མུ་སི་ཐང་དུ་རྟེན་གཞི་བྱས་པའི་གློ་སྒྲིག་འཛུགས་ཀྱི་དམག་སྒར་ལ་གང་ཅིའི་ཐད་ལ་རོགས་དངུལ་དང་རྒྱབ་སྐྱོར་ཆེན་པོ་བྱས་པ་རེད། ཡིན་ནའང་ཨ་རིའི་སྲིད་འཛིན་རིག་ཅཊི་ནིས་སིམ(RichardMilhousNixon)གྱིས་རྒྱ་ནག་དང་འབྲེལ་བ་དམ་ཟབ་གཏོང་ཆེད། རོགས་དངུལ་དང་རྒྱབ་སྐྱོར་ཡོད་ཚད་ཉིན་གཅིག་ལ་བཀག་སྟེ། གློ་སྒྲིག་འཛུགས་ལ་དཀའ་ངལ་ཆེན་པོ་འཕྲད་དེ་མཐར་རྩ་འཐོར་དགུ་འཐོར་ལ་སོང་བ་རེད། བོད་ཀྱི་ཉེ་རབས་ལོ་རྒྱུས་དག་ལ་བལྟས་ན། ཨ་རིའི་གཞུང་གིས་རྒྱ་ནག་ལ་བསྟུན་མཁས་གང་ཐུབ་ཀྱིས་མཐར་ཡ་ལ་ཚང་མ་བཙན་བྱོལ་བོད་གཞུང་དང་བོད་དམག་རྣམས་ལ་སྤྲད་ཡོད་པ་རེད། སྐབས་དེའི་གནས་སྟངས་ནི་ད་ལྟ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ངན་ཁག་ཡོད་ཚད་ཡུག་རེན་སྲིད་འཛིན་ལ་དཀྲི་པ་དང་གཅིག་པ་རེད། གང་ལྟར་དགའ་ལྡན་ཕོ་བྲང་ཡར་སྔོན་ནས་བོད་ནང་ཁུལ་སྲིད་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཡོད་ཚད་ནང་། གཞན་མི་རིགས་ཀྱིས་ཐེ་ཇུས་དང་སླུ་བྲིད་དབང་ཡོད་བྱས་པ་མང་པོ་མཐོང་རྒྱུ་ཡོད་པ་རེད།