ཁ་སང་དེ་རིང་ཆར་པ་འབབ་ཤུཌ་ཆེ་བ་བཞིན་རྒྱ་གར་གནམ་གཤིས་ཚན་པས་ཧི་མ་ཅལ་མངའ་སྡེའི་ནང་ཉེན་བརྡའི་རྟགས་དམར་པོ་བསྟན་འདུག

ལྷག་ཏུ་ཁ་སང་དེ་རིང་གི་ཆར་ཤུགས་དྲག་པོའི་རྐྱེན་གྱིས་ཧི་མ་ཅལ་མངའ་སྡེའི་ནང་དུ་གཞུང་ལམ་ཆེ་ཁག་ལ་གཏོར་སྐྱོན་ཚབས་ཆེན་དང་ས་ཆ་འགའ་ཞིག་ལ་ས་རུད་ཐེབས་བཞིན་ཡོད་འདུག་པ་དང་། རྒྱ་གར་གནམ་གཤིས་ཚན་པ་IMDགྱིས། ཚེས་༢༥ དང་༢༦ ལ། ཧི་མ་ཅལ། པན་ཇབ། ཇ་མུ་ཀཤི་མིར་དང་། ཧར་ཡ་ནའི་མངའ་སྡེ་བཅས་ཀྱི་ནང་དུ་ཆར་ཤུགས་དྲག་པོ་འབབ་སྲིད་པའི་ཉེན་བརྡ་དམར་པོ་དེ་བསྟན་ཡོད་འདུག།
དེ་ཡང་ཕྱི་ཚེས་༢༥ཉིན། HINDUSTAN TIMES ་ཧིན་དཱུའི་དུས་བབ་གསར་ཁང་གི་གནས་ཚུལ་ལ་གཞིགས་ན། ཉེ་ལམ་ཉིན་གཉིས་གོང་ནས་ཆར་ཤུགས་མུ་མཐུད་དྲག་པོ་བབས་པའི་རྐྱེན་གྱིས་གཞུང་ལམ་གཏོར་བཤིག་སོང་བ་དང་གྲོང་གསེབ་འགྲོ་སའི་ལམ་ཁ་མང་དག་ཅིག་འགག་སྟེ་མིའི་འགྲོ་འོང་ལ་བར་ཆད་འབྱུང་བཞིན་ཡོད་འདུག་པས། ཀང་རའི་རྫོང་དཔོན་ཧེམ་རཇ་བཻ་རཝ་ཡིས་རང་བྱུང་གི་འཇིག་པ་དེ་ལས་སྔོན་འགོག་ཆེད་གཞུང་སྒེར་གི་ཤེས་ཡོན་དང་འཕྲུལ་ཆས་ཚན་པ་དང་། སློབ་གྲྭ། གཙུག་ལག་མཐོ་སློབ་ཁག་སྒོ་བརྒྱབ་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག།
མ་ཟད་ཉེ་ལམ་ཧི་མ་ཅལ་ནང་དུ། ལོ་སྔོན་མའི་ཆར་དུས་དང་མི་འདྲ་བར་ད་ལོའི་ཆར་པ་འབབ་ཤུགས་ཆེ་བའི་དབང་གིས་རྡ་ས་བོད་མི་གཞིས་སྡོད་བྱེད་སའི་ས་གནས་ཁག་གི་འགྲོ་ལམ་མང་དག་ཅིག་ཀ་གཏོར་སྐྱོན་བྱུང་ཡོད་པ་དང་། རྡ་སའི་སྦག་སུབ་ལམ་དང་། གངས་ཅན་སྐྱིད་ཤོངས་ལམ་ནས་མེག་གྷན་འགྲོ་སའི་གཞུང་ལམ་གཙོ་བོར་བྱས་པའི་ལམ་མང་པོ་ཞིག་ལ་ས་རུད་དང་ཆར་ཆུའི་རྐྱེན་གྱིས་ལམ་ཆད་པ་དང་ལམ་ཟུར་གྱི་ཤིང་སྡོང་ས་ལ་འགྱེལ་བ་བཅས་ཀྱིས་འགྲོ་ལམ་ཆེ་ཁག་འཕྲོ་བརླག་ཏུ་ཕྱིན་ཡོད་པ་དང་། ཅ་དངོས་དབོར་འདྲེན་དང་མིའི་འགྲོ་འོང་ལ་དཀའ་ངལ་འཕྲད་མུས་ཡིན་པ་རེད། རྒྱ་གར་གྱི་གནམ་གཤིས་ཚན་པས་ཁ་སང་དེ་རིང་གཉིས་ལ་ཧི་མ་ཅལ་གྱི་རྫོང་ཁག་བརྒྱད་ལ་ཉེན་བརྡའི་རྟགས་དམར་པོ་བསྟན་འདུག་ལ། རྒྱ་གར་དུས་བབས་ཀྱིས་གནས་ཚུལ་སྤེལ་བའི་ནང་དུ། དམིགས་བསལ་ཆར་དུས་དེའི་རྐྱེན་གྱིས་ད་ལྟའི་ཆར་ཧི་མ་ཅལ་མངའ་སྡེའི་ནང་དུ་རང་བྱུང་གནོད་འཚེའི་འོག་མི་གྲངས་ ༣༠༦ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་༣༦༠ ལ་རྨས་སྐྱོན་ཕོག་པ། ཁང་ཁྱིམ་༡༢༡༢ ཞིག་པ་སོགས་ཀྱི་གནས་ཚུལ་འདུག་པ་དང་། གཞན་ཡང་མངའ་སྡེའི་མྱུར་སྐྱོབ་ཚན་པའི་SEOC ་སྙན་ཐོ་ལྟར་ན། མི་གྲངས་ ༣༤ ཙམ་གཡང་ས་ནས་ལྷུང་སྟེ་རྐྱེན་འདས་སུ་ཕྱིན་པ་དང་། མི་གྲངས་ ༣༢ ཆུ་ནང་དུ་བྱིངས་ཏེ་རྐྱེན་འདས་སུ་ཕྱིན་པ། མི་གྲངས་ ༢༦ ཙམ་སྤྲིན་པ་གས་པ་ལ་བརྟེན་ནས་ཆུ་ལོག་གི་དོན་རྐྱེན་ལ་བརྟེན་ནས་རྐྱེན་འདས་སུ་ཕྱིན་པ། མི་གྲངས་ ༡༠ ས་རུད་ཀྱི་དབང་གིས་རྐྱེན་འདས་སུ་ཕྱིན་པ། ས་ཉིལ་བ་བཅས་ཀྱིས་གཞུང་ལམ་ཆེ་གསུམ་ཚུད་པའི་ལམ་༦༢༥ འགྲིམ་འགྲུལ་སྒོ་རྒྱག་དགོས་བྱུང་བ། དེ་བཞིན་མངའ་སྡེ་འདིའི་ནང་དུ་ཕྱི་ཟླ་ ༦ པའི་ཚེས་ ༢༠ ནས་དབྱར་དུས་ཀྱི་ཆར་རླུང་འགོ་ཚུགས་པ་ནས་བཟུང་ཧིན་སྒོར་ཀ་རོ་༢༣༤༨ དམ་ཡང་ན་དུང་ཕྱུར་༢,༣ཙམ་གྱི་རྒྱུ་དངོས་གྱོང་གུད་བྱུང་ཡོད་པ་ཚོད་དཔག་བྱེད་བཞིན་འདུག ཁ་སང་དང་དེ་རིང་བར་མ་ན་ལིས་ཕྱོགས་སུ་ཟམ་པ་དང་ཁང་པ་ཆུས་ཁྱེར་བ། མ་ན་ལིས་ནས་ལ་དྭགས་འགྲོ་སའི་ལམ་རྦད་དེ་ཆད་པ་བཅས་ཀྱི་གནས་ཚུལ་འདུག ཉེན་ཁ་ཆེ་ཤོས་ཁ་སང་དེ་རིང་ཡིན་པ་བཞིན་ཚེས་༣༡ བར་ཆར་པ་མུ་མཐུད་འབབ་རྒྱུ་ཡིན་པར་བརྗོད་འདུག
གསར་འགོད་པ། བསྟན་འཛིན་ཆོས་དབྱངས།