ཁམས་འབྲི་རུའི་ཚོང་པ་གསུམ་དང་སྙན་ངག་པ་ཞིག་ལ་ཁྲིམས་ཆད།
ཁམས་འབྲི་རུ་རྫོང་ཆུ་གཉིས་ཡུལ་ཚོ་(རླན་ཆུ་) ཀ་མདོ་གྲོང་ནས་ཡིན་པའི་ཚོང་པ་བསོད་ནམས་དར་དབང་དང་། ལྷ་རྣམ། ཚེ་རིང་ལྷ་འགྲུབ་བཅས་ལ་རྒྱ་གཞུང་གིས་ལོ་བརྒྱད་ཀྱི་ཁྲིམས་ཐག་བཅད་པ་དང། གཞོན་སྐྱེས་སྙན་ངག་པ་བསྟན་འཛིན་བསྐལ་བཟང་ལ་ལོ་བདུན་གྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་གསར་ཏུ་ཤེས་རྟོགས་བྱུང་ཡོད་པ་རེད།

དེ་ཡང་ཕྱི་ཟླ་༦ པའི་ཚེས་༣༠ ཉིན་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་བོད་དུ་མི་སེར་སྤེལ་བའི་སྲིད་ཇུས་འོག རྒྱ་མི་འབོར་ཆེན་ཞིག་ལོ་ལྟར་བོད་ཀྱི་ས་ཁུལ་གང་སར་ཡོང་གི་ཡོད་པ་བཞིན། ཁམས་འབྲི་རུ་རྫོང་ཆུ་གཉིས་ཡུལ་ཚོའི་ཐོག རྒྱ་མིའི་ཚོང་པ་མང་པོ་ཡོད་སླེབས་ནས། ཅ་དངོས་རིན་གོང་ཆེ་བ་སོགས་ཀྱིས་མང་ཚོགས་ལ་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་པས། གལ་ཏེ་མང་ཚོགས་ཀྱིས་རྒྱ་མིར་མི་འདོད་པའི་རྣམ་འགྱུར་བསྟན་ཚེ་ཡུལ་ཚོའི་ཐོག་གི་ལས་བྱེད་མཐོ་གྲས་རྒྱ་མི་ཡིན་པས་མང་ཚོགས་ལ་དེ་བས་ཀྱང་དཀའ་ཁག་ཡོང་བཞིན་ཡོད་འདུག ལོ་ཁ་ཤས་སྔོན་ནས་བོད་མི་ཚོང་པ་བསོད་ནམས་དར་དབང་དང་། ལྷ་རྣམ། ཚེ་རིང་ལྷ་འགྲུབ་བཅས་ཀྱིས་མི་མང་གི་ཆེད་དུ་ཅ་དངོས་ཉོ་བདེ་དང་གོང་ཁེ་པོ་ཡིན་པའི་ཚོང་ཁང་བཟུང་ཡོད་འདུག
བོད་མི་ཚོང་པ་གསུམ་གྱིས་ཚོང་ཁང་བཟུང་རྗེས། རྒྱ་མིའི་ཚོང་པས་ཞུ་གཏུགས་བྱས་པ་རེད་ཟེར་བ་དང་། ཡང་ཁོང་ཚོའི་ཀུན་སློང་ལ་ཆབ་སྲིད་དང་འབྲེལ་བའི་ཉེས་མིང་བཙུགས་པ་རེད་ཟེར་བའི་གནས་ཚུལ་བྱུང་བ་དང་། ༢༠༡༤ ལོར་ཁོང་ཚོ་གསུམ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། ༢༠༡༥ ལོའི་ཕྱི་ཟླ་༥ པའི་ནང་ལོ་བརྒྱད་རེའི་ཁྲིམས་ཐག་བཅད་ཡོད་འདུག

ཁམས་འབྲི་རུའི་གཞོན་སྐྱེས་སྙན་ངག་པ་སྟོང་བུ་ཆུང་ངམ་བསྟན་འཛིན་བསྐལ་བཟང་མི་ལོ་བདུན་གྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་འདུག་ལ། སྙན་ངག་པ་བསྟན་འཛིན་བསྐལ་བཟང་ནི་འབྲི་རུ་རྫོང་ཆུ་གཉིས་ཡུལ་ཚོ། ས་དམར་གྲོང་ནས་ཡིན་པ་དང་། ད་ལྟ་རང་ལོ་ཉེར་ལྔ་ཡས་མས་ཤིག་ཡིན་འདུག ཆུང་དུས་སུ་སློབ་ཆུང་འགྲིམས་རྗེས་དགོན་པར་ཞུགས་ཏེ་ཉིས་སྟོང་ལྔའི་ལོར་གསེར་རྟ་བླ་རུང་སྒར་དང་འཇོ་ཕུ་དགོན་བཅས་ལ་ལོ་གསུམ་ལྷག་སློབ་གཉེར་བྱས།
འབྲེལ་ཡོད་ཀྱིས་གནས་ཚུལ་འབྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་གིས་དགོན་པ་ནས་རང་ཡུལ་ལོག་དགོས་པའི་བཀའ་རྒྱ་བཏང་བར་བརྟེན། (རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་དགོན་པའི་ནང་སློབ་གཉེར་བ་བཀག་འགོག་བྱས་པ་མང་པོ་བྱུང་ཡོད་པ་རེད།) ཕ་ཡུལ་དུ་ལོག་རྗེས་དགོན་པའི་གྲྭ་པ་རྣམས་ལ་རིག་གནས་དང་རིགས་ལམ་བཅས་ལོ་གཅིག་ཙམ་བསླབས། ཞོར་ལ་གྲོང་སྡེ་ཁག་འགའ་ལ་སུམ་རྟགས་དག་གསུམ་གྱིས་མཚོན་པའི་འབྲི་ཀློག་སོགས་ཀྱི་དང་བླངས་དགེ་རྒན་བྱས་ཏེ་གཞོན་སྐྱེས་མང་པོ་སློབ་གཉེར་ལ་ཁ་ཕྱོགས་ཐུབ་ཡོད།

ཁོང་ནི་ནམ་རྒྱུན་དུ་མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ཀྱི་རིག་གཞུང་གལ་ཆེན་དུ་བརྩི་མཁན་ཞིག་ཡིན་པ་དང་། ལོ་སྔོན་མར་ལྷ་སར་རྒྱ་ཡིག་ཡར་རྒྱས་དང་སྒྲ་མདོ་སོགས་ལ་སྦྱངས་པ་བྱས། ཉིས་སྟོང་བཅུ་བཞིའི་༢༠༡༤ ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་མཁས་དབང་ཁང་དཀར་ཚུལ་ཁྲིམས་དྲུང་ནས་ཟླ་བ་གཅིག་གཉིས་རིང་སློབ་གཉེར་བྱས། <<འཚོལ་སྙེག་>>ཅེས་པའི་དེབ་ཅིག་བརྩམས་ཏེ་ཀན་སུའི་མི་རིགས་དཔེ་ཁང་ནས་འདོན་འཆར་བྱས་ཏེ། དེབ་གཟུགས་དང་བཅས་པ་ཚར་རུང་གཞུང་གིས་འགྲེམས་སྤེལ་གྱི་ཆོག་མཆན་སྤྲད་མེད་འདུག
དེབ་དེས་རྐྱེན་པས་ཡིན་ནམ་རྒྱུན་གཏན་བོད་ཀྱི་སྐད་ཡིག་དང་རིག་གཞུང་། མི་རིགས་ཀྱི་ལ་རྒྱའི་སྐོར་སོགས་ན་གཞོན་ཚོར་སློབ་གསོ་སྤྲོད་ཀྱི་ཡོད་པས་ཡིན་ཁ་གསལ་མེད་ནའང་། གང་ལྟར་༢༠༡༤ ལོའི་ལོ་སྨད་ཅིག་ནས་ཕ་ཡུལ་ནས་རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ་གར་ཡོད་མ་ཤེས་པར་ལུས། འོན་ཀྱང་༢༠༡༥ ལོའི་ཟླ་བ་ལྔ་༥ ཙམ་ལ་ཁོང་ལ་མི་ལོ་བདུན་གྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག

ཁམས་འབྲི་རུར་གཞིགས་ན་ལོ་ཤས་སྔོན་ནས་རྒྱ་གཞུང་གིས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པས། འཇུ་བཟུང་གི་ཟླ་ཚེས་སོགས་ཞིབ་ཕྲ་དང། གནས་ཚུལ་བྱུང་བ་དང་ཤེས་རྟོགས་ཡོང་རྒྱུ་སོགས་ཡོང་རྒྱུར་ཧ་ཅང་དཀའ་ངལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།