ཁམས་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་མི་མང་བརྒྱད་ཅུ་ལྷག་འཛིན་བཟུང་བྱས་པ།
ཉེ་ཆར་རྒྱ་གཞུང་གིས་ཁམས་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་བོད་མི་འཛིན་བཟུང་བྱས་པའི་གནས་ཚུལ་གོ་ཐོས་བྱུང་བར་བརྟེན། ཁུངས་ལྡན་གནས་ཚུལ་རག་ཆེད་ཡར་མར་འབྲེལ་བ་རིམ་པ་བྱས་པ་བརྒྱུད། འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་དོན། ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢།༡༡ སྟེང་། ཁམས་རྫ་ཆུ་ཁའི་ཀ་བཞི་སྡེ་བའི་ཡུལ་མི་ཚོས་གསེར་ཁོག་ཅེས་པའི་ཀ་བཞིའི་ས་ཆ་དེར་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་མཐོང་ནས་དེར་བཀག་འགོག་དང་། ཡུལ་ཚོས་འགོ་ཁྲིད་དག་ལ་ཡར་ཞུ་བྱས་པར། འགོ་ཁྲིད་དག་གིས་ཁོང་རྣམས་ལ་རྒྱབ་སྐྱོར་གང་ཡང་མེད་པར། ཁྱེད་རང་ཚོར་ཐེ་ཇུས་ཡོད་མ་རེད། ས་གཞི་འདིའི་བདག་དབང་ཡོངས་རྫོགས་ཀྲུང་གོ་རྒྱལ་ཁབ་ལ་ཡོད་རེད། ང་ཚོས་རྟོག་ཞིབ་དང་ཐག་གཅོད་ཡོང་གི་རེད་ཅེས་ཧམ་རྫུན་དང་། གསེར་བརྐོ་བར་བཀག་འགོག་བྱས་པ་ནི་ནོར་འཁྲུལ་ཡིན་རབས་བརྗོད་ནས་ཡུལ་མི་ཚོ་ལ་རྒྱུན་ལྡན་ལྟར་དབང་ཡོད་དང་གཉའ་གནོན་བྱས་སྟབས། མཐར་ཡུལ་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་འགོ་ཁྲིད་དང་ཁ་རྩོད་ཤོར་ཡོད་འདུག་ཅེས་ངོ་སྤྲོད་གནང་སོང་།

དེ་བཞིན་ཁོང་གིས་ཕྱི་ཚེས་༦ གི་དགོང་དྲོ་ཆུ་ཚོད་༦།༥༠ སྟེང་། ཀ་བཞི་ཡུལ་ཚོའི་མི་མང་རིམ་བཞིན་འཛིན་བཟུང་བྱེད་འགོ་བཙུགས་ནས་སེར་ཤུལ་རྫོང་ལ་བཙན་ཁྲིད་བྱས་ནས་ཉེས་རྡུང་དང་བཀག་ཉར་བྱས་དང་བྱེད་བཞིན་པ་མ་ཟད། ད་ལྟའི་ཆར་མི་གྲངས་བརྒྱད་ཅུ་ཡས་མས་ཤིག་འཛིན་བཟུང་དང་ཉེས་རྡུང་བཏང་བར་བཤད་པ་ལས། གྲངས་ཚད་དང་མཇུག་འབྲས་ཇི་ཡོང་བཤད་ཚོད་མི་ཐུག་པའི་གནས་ཚུལ་འདུག་ཅེས་བརྗོད་སོང་།
གཞན་ཡང་། ཁོང་གིས་གནས་ཚུལ་ཐོན་སྐབས་སེར་ཤུལ་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་དང་། དྲག་ཆས་ཉེན་རྟོག་པ། དམག་མི། ཡུལ་ཚོའི་འགོ་ཁྲིད་བཅས་ཀྱིས་ཀ་བཞིའི་ཡུལ་ལུང་ཡོངས་རྫོགས་མཐའ་བསྐོར་བ་མ་ཟད། སྐབས་དེར་ཚོགས་འདུ་ཞིག་འཚོགས་ནས་འགོ་ཁྲིད་ཚོས། གནས་ཚུལ་འདི་གོང་རིམ་དང་ཕྱི་ཕྱོགས་སུ་གཏན་ནས་གཏོང་མི་ཆོག གལ་སྲིད་གནས་ཚུལ་དེ་འདྲ་བྱུང་ན་ཁྲིམས་འགལ་ཚབས་ཆེན་ཡིན་ཞེས་སྡིགས་ར་བསྐུལ་བ་དང་། ཁྱིམ་ཚང་རེ་རེའི་ནང་དུ་དམག་མི་དག་བཙན་འཛུལ་བྱས་ཏེ་ཁ་པར་སྔོག་གཤེར་ཚ་ནན་བྱས་ཡོད་པ། ད་ལྟའི་ཆར་སྲང་ལམ་གང་སར་དྲག་ཆས་དམག་མི་འགྲེམ་འཇོག་བྱས་ནས།་ཡུལ་མི་ཚོས་མིག་གི་ལྟ་སྟངས་ཤིག་འགྲིག་མིན་ཙམ་གྱིས་ཀྱང་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་འདུག་ཅེས་ངོ་སྤྲོད་གནང་སོང་།
ཁོང་གིས་ཕྱི་ཟླ་༡༡ ནང་འཛིན་བཟུང་བྱས་པ་རྣམས་ལས་མི་བདུན་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་འདུག་ལ། འགའ་ཤས་ལ་ཉེས་རྡུང་བཏང་ནས་རྩིབ་མ་བཅག་པ་དང་། འགའ་ཤས་མཁལ་མ་ནད་པ་ཆགས་འདུག། སེར་ཤུལ་རྫོང་གི་སྨན་ཁང་ནས་བརྟག་དཔྱད་བྱས་ཀྱང་མཇུག་འབྲས་ཇི་བཞིན་སྤྲད་མ་བཅུག་པ་དང་། གནས་ཚུལ་ཕྱི་ཕྱོགས་སུ་མི་གཏོང་བའི་ཁས་ལེན་དང་འབྲེལ་བའི་མཚན་རྟགས་བསྡུ་རུབ་བྱས་པ། མི་ཚང་མང་པོ་ཞིག་གི་ཁྱིམ་དུ་གློག་མིག་དང་སྒྲ་འཇུག་འཕྲུལ་ཆས་སོགས་བཞག་ནས་ནང་མིའི་སྐད་ཆ་དང་འགྲོ་འདུག་རང་དབང་འཕྲོག་བཞིན་པ་ཕྱི་ཟླ་༡༢ ནང་ཤེས་རྟོག་བྱུང་ཞེས་བརྗོད་སོང་།
རྩ་བས་གཏེར་ཁ་སྔོག་འདོན་བྱས་པ་དེ་ཐེངས་དང་པོ་མིན་པར། ཕྱི་ལོ་༡༩༩༠ ནས་ད་ལྟའི་བར་གཏེར་ཁ་སྔོག་འདོན་བྱས་པའི་གནས་ཚུལ་ཐེངས་མང་བྱུང་ཡོད་པ་རེད། ཡུལ་མི་ཚོས་བཤད་པ་ལྟར་ན། གཏེར་ཁ་སྔོག་འདོན་དེའི་རྒྱབ་ཏུ། སེར་ཤུལ་རྫོང་གི་དཔོན་རིགས་དང་། ཡུལ་ཚོའི་འགོ་ཁྲིད། ཚོང་པ་འགའ་ཤིག་གིས་ངན་པ་ལག་འབྲེལ་དང་ལྐོག་ཟ་བྱེད་བཞིན་ཡོད་པ་བཤད་སོང་ཞེས་དང་། ཁམས་རྫ་ཆུ་ཁར་རྒྱ་གཞུང་གིས་ཡར་རྒྱས་ལ་ཁ་གཡར་ནས་ས་གནས་དེར་ཆུ་མཛོད་གསར་རྒྱག་དང་རྫ་ཆུ་འབག་བཙོག ས་གཞི་སྔོག་འདོན་གྱིས་མཚོན་པའི་ཁོར་ཡུག་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པ་མ་ཟད། ནམ་རྒྱུན་དུ་ཀ་བཞི་ཡུལ་ཚོའི་འགོ་ཁྲིད་དག་གིས་རྒྱ་མིའི་རྒྱུག་ཁྱི་བྱས་ནས་ཀ་བཞི་དགོན་པའི་དུས་མཆོད་ཚོགས་སྐབས། དགེ་འདུན་པ་བཞི་རེ་ཙམ་ལས་འཚོག་མི་ཆོག་པ་དང་། མི་མང་གི་མ་ཎི་འཚོག་མི་ཆོག་པ། དམིགས་བསལ་དུས་ཆེན་སྐབས། རྒན་ཁོག་གཅིག་ཀྱང་གླིང་སྐོར་འགྲོ་མི་བཅུག་པ། མི་གྲངས་བཅུ་ལས་མང་བ་འདུ་འཛོམས་མི་ཆོག་པ། སློབ་ཕྲུག་ཚོའི་གུང་གསེང་སྐབས། རིག་གཞུང་ཟབ་སྦྱོང་འཛིན་གྲྭ་ཚོགས་མི་ཆོག་པ་ལ་སོགས་བྱེད་སྒོ་སྣ་ཚོགས་ཤིག་ལ་གནས་ཚུལ་རྫུན་མ་མང་དག་ཅིག་ལ་ཁ་གཡར་ནས་བཙན་འགོག་བྱས་དང་བྱེད་བཞིན་ཡོད་པ་ངོ་སྤྲོད་གནང་སོང་།།
གསར་འགོད་པ། བློ་བཟང་རྒྱ་མཚོ།
