ཁུ་ཚུར་རྩེད་འགྲན་པ་གྲགས་ཅན་ཞིག་གིས་སྲིད་འཛིན་འོས་འགྲན་བྱེད་འཆར་འདུག

ཧྥི་ལི་པན་གྱི་སྲིད་འཛིན་འོས་འགྲན་ནང་དུ། རྒྱལ་ཁབ་དེའི་གྲོས་ཚོགས་གོང་མའི་འཐུས་མི་དང་རྒྱལ་སྤྱིའི་ནང་ཁུ་ཚུར་རྩེད་འགྲན་པ་གྲགས་ཅན་ཞིག་འོས་མིར་ལང་འཆར་འདུག 

ཟླ་༩ པའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལོ་རྗེས་མའི་ཧྥི་ལི་པན་གྱི་སྲིད་འཛིན་འོས་བསྡུར། གཞུང་འཛིན་ཟླ་སྒྲིལ་སྲིད་དོན་ཚོགས་པ་ཁག་གི་ཁོངས་ནས་སྲིད་དོན་ཚོགས་པ་གཅིག་གིས། རང་ལོ་༤༢ ཡིན་པའི་མཱེ་ནཱི་པཱ་ཁེའུ་འོས་མིར་བཏོན་འདུག་པ་དང་། ཁོང་གིས་ཀྱང་འོས་མིར་ལང་རྒྱུའི་གསལ་བསྒྲགས་བྱས་འདུག 

ཁོང་ནི་ད་ལྟའི་ཆར་རྒྱལ་ཁབ་དེའི་གྲོས་ཚོགས་གོང་མའི་འཐུས་མི་ཡིན་ཁར། ད་བར་རྒྱལ་སྤྱིའི་ནང་ལུས་པའི་ལྗིད་ཚད་ཀྱི་སྡེ་ཚན་འདྲ་མིན་བརྒྱད་ཀྱི་ནང་དུ་ཁུ་ཚུར་རྩེད་འགྲན་པ་རྩེ་ཕུད་ཀྱི་རྒྱལ་ཁ་ཐོབ་མྱོང་མཁན་ཞིག་ཡིན་པ་རེད་ལ། རྒྱལ་སྤྱིའི་ནང་སྐད་གྲགས་ཤིན་ཏུ་ཆེན་པོ་ཡོད་པ་རེད།

ཧྥི་ལི་པན་གྱི་རྩ་ཁྲིམས་ནང་དུ་སྲིད་འཛིན་ཞིག་གི་ལས་ཡུན་ནི་ལོ་ངོ་དྲུག་ཡིན་པ་དང་། སྲིད་འཛིན་གྱི་ལས་ཁུར་ལས་ཡུན་གཅིག་རིང་མ་གཏོགས་བསྐྱར་དུ་ལས་ཁུར་བྱེད་ཆོག་གི་མེད་པས། རྒྱལ་སྤྱིའི་ནང་རྩོད་རྙོག་ཆེ་བའི་ད་ཡོད་ལས་ཁུར་སྲིད་འཛིན་ཌུ་ཀྲེ་རེ་ཀྲེ་ཡིས། སྐབས་རྗེས་མའི་སྲིད་འཛིན་འོས་བསྡུར་ཁོང་སྲིད་འཛིན་གཞོན་པའི་འོས་མིར་ལང་རྒྱུ་ཡིན་སྐོར་བརྗོད་འདུག་པས། སྲིད་དོན་དཔྱད་བརྗོད་པ་མང་པོ་ཞིག་གིས་སྲིད་འཛིན་ཁོང་གི་འཆར་གཞི་ལ་སྲིད་འཛིན་འོས་མིར་དབང་ཤུགས་དེ་ཙམ་མེད་མཁན་ཞིག་ལང་དུ་བཅུག་ནས། རྗེས་སུ་སྲིད་འཛིན་གཞོན་པའི་མིང་ཐོག་ནས་སྲིད་དབང་དངོས་སུ་ཁོང་གིས་བཟུང་འཆར་ཡོད་པ་ཡིན་སྐོར་བརྗོད་བཞིན་འདུག

ད་ལྟའི་ཆར་ཁོང་གི་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཞིག་གཏན་འཁེལ་བྱུང་མེད་པས། ཁོང་གི་བུ་མོ་སྲིད་འཛིན་འོས་མི་ཆགས་སྲིད་པའི་ཚོད་དཔག་བྱེད་མཁན་མང་པོ་ཡོད་འདུག 

ལས་ཁུར་སྲིད་འཛིན་ཌུ་ཀྲེ་རེ་ཀྲེ་ཡིས་ཕྱི་ལོ་༢༠༡༦ ལོའི་སྲིད་འཛིན་འོས་བསྡུ་སྐབས་སུ། རྒྱལ་ཁབ་དེའི་ནང་གི་ཁྲིམས་འགལ་བྱ་སྤྱོད་དང་དུག་རྫས་ཀྱི་དཀའ་ངལ་མེད་པ་བཟོ་རྒྱུའི་ཁས་ལེན་བྱས་ཏེ་འོས་ཐོབ་བྱུང་ཡོད་ཀྱང་། ཁོང་གིས་རྒྱལ་ཁབ་དེའི་ནང་དུག་རྫས་སྤྱོད་མཁན་དང་ནག་ཚོང་རྒྱག་མཁན་རྩ་མེད་བཟོ་རྒྱུའི་ལས་འགུལ་ཁྲོད། ཉེན་རྟོག་པར་དོགས་ཡོད་མི་སྣ་གང་བྱུང་གསོད་པའི་སྐུལ་མ་བྱས་པའི་རྙོག་གྲ་ཆེན་པོ་ལངས་ཡོད་པ་རེད། དེ་བཞིན་ཁོང་གི་ལས་ཡུན་གྱི་འགོ་སྟོད་ཟླ་བ་༦ ནང་དུག་རྫས་དང་འབྲེལ་ནས་མི་༧༠༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཡང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།