ཁེ་ན་ཊའི་རྒྱལ་སར་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་འདུག
ནུབ་ཕྱོགས་སྤྱི་ཚོགས་ཁྲོད་ནས་བཙན་བྱོལ་བོད་མི་འདུས་སྡོད་མང་ཤོས་ཀྱི་རྒྱལ་ཁབ་གཅིག་ནི་ཁེ་ན་ཊ་ཡིན་པ་དང་། བོད་མི་ཡོད་སའི་ཁེ་ན་ཊའི་མངའ་སྡེ་ཁག་ནང་ལོ་མང་སྔོན་ནས་བོད་རིགས་སྤྱི་མཐུན་ཚོགས་པ་བཙུགས་ཡོད་ཅིང་། ཁོང་ཚོའི་ལོ་རེའི་བོད་དོན་ཞུ་གཏུག་གི་ལས་འགུལ་འདི་ཉེ་ཆར་ཕྱི་ཟླ་ལྔ་པའི་ནང་རྒྱལ་ས་ཨོ་ཊ་ཝར་སྤེལ་འདུག

ཟླ་འདིའི་ཚེས་༡༨ ཉིན་བོད་མིའི་སྒྲིག་འཛིགས་ཀྱིས་དྲྭ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར། ཀྲོ་རོན་ཊོ་དང་། ཨོ་ཊ་ཝ། མོན་ཁྲེལ། (Montreal) བཅས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་། ཁེ་ན་ཊ་ས་གནས་བོད་ཀྱི་བུ་མེད་ལྷན་ཚོགས། ཀྲོ་རོན་ཊོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ཁེ་ན་ཊ་མདོ་ཁམས་ཆུ་བཞི་སྒང་དྲུག ཁེ་ན་ཊ་བོད་དོན་རྒྱབ་སྐྱོར་ཚོགས་པ། (Canada-Tibet Committee [CTC]) བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་ནུས་པ་མཉམ་སྤུངས་ཐོག ཟླ་བ་འདིའི་བདུན་ཕྲག་གཉིས་པར་རྒྱལ་ས་ཨོ་ཊ་ཝར་ཕེབས་ཏེ་ཁེ་ན་ཊའི་སྲིད་དོན་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་བཅུ་ (Arif Virani, James Maloney, Garnett Genies, Sameer Zuberi, Elizabeth May, Zaid Aboultaif, John McKay, Peter Julian(staff), Julie Vignola, Anita Vandenbeld) དང་། གྲོས་ཚོགས་འཐུས་མིའི་ལས་བྱེད་པ་བཅས་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད་གནང་འདུག
ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚོས། ཁེ་ན་ཊ་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་ཡོང་བའི་རེ་སྐུལ་ཞུས་པ་ཕུད། ད་དུང་རྒྱ་ནག་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭར་བོད་ཕྲུག་འབུམ་ཕྲག་མང་པོ་སློབ་འཇུག་བྱས་ཏེ། བོད་མི་རིགས་ཀྱི་ངོ་བོ་རྒྱ་སྒྱུར་སིམ་ཡལ་གཏོང་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར་དང་། བོད་ཀྱི་འབྲོག་པ་རྣམས་འདོད་པ་མེད་བཞིན་དུ་བཙན་དབང་གིས་གནས་སྤོ་བྱེད་བཅུག་པའི་སྐོར། བོད་མིར་དམ་བསྒྲགས་ལྟ་རྟོགས་བྱེད་རྒྱུ་ཤུགས་ཆེ་རུ་གཏོང་ཆེད་བོད་མིའི་རིག་རྫས་ (DNA) བསྡུ་རུབ་བྱེད་ཀྱི་ཡོད་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྣམས་འབུར་བཏོན་གྱིས་ཞུ་འབོད་གནང་འདུག
ཐེངས་འདིའི་ཞུ་གཏུག་ལས་འགུལ་སྐབས་གྲོས་ཚོགས་འཐུས་མི་རྣམས་ལ་འབྲེལ་བ་ཞུ་རྒྱུའི་འགན་ཁུར་གནང་མཁན་གཙོ་བོ་ནི། ཁེ་ན་ཊ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཁེ་ན་ཊ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། ཨོ་ཊ་ཝ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཡིན་ཞིང་། ཚོགས་པ་ཁག་འདྲ་མིན་ནས་བོད་མི་ ༣༤ ཙམ་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་འདུག
ཁེ་ན་ཊ་ཨོན་ཀྲ་རེ་ཝོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཕུན་ཚོགས་ལགས་ཀྱིས་ ” གྲོས་ཚོགས་འཐུས་མི་ཚོས་ང་ཚོའི་ཞུ་འབོད་ལ་ཐུགས་སྣང་ཆེན་པོ་གནང་བ་མ་ཟད། མུ་མཐུད་བོད་དོན་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་ཀྱང་བརྟན་པོ་ཡོད་པའི་རྣམ་འགྱུར་བསྟན་ཞིང་། ང་ཚོའི་ཞུ་དོན་རྣམས་གང་མགྱོགས་གྲོས་ཚོགས་འཐུས་མི་གཞན་ལ་མཉམ་སྤྱོད་གནང་རྒྱུ་དང་། དེ་རྗེས་ཁེ་ན་ཊའི་ཕྱི་སྲིད་བློན་ཆེན་ལ་སྙན་སེང་ཞུ་རྒྱུ་ཡིན་པ་གསུང་གི་འདུག “ ཅེས་འགྲེལ་བརྗོད་གནང་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
