ཁེ་ན་ཌ་གཞུང་གིས་ཡུལ་མི་ཚོ་རྒྱལ་ཁབ་དགུའི་ནང་དུ་གུང་སེང་འགྲོ་རྒྱུར་གཟབ་དགོས་ཟེར།

ཟླ་འདིའི་ཚེས་༡༦ ཉིན་(MTL Blog) ་ཞེས་པའི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཁེ་ན་ཌ་གཞུང་གིས་ཡུལ་མི་ཚོ་ལ་རྒྱལ་ཁབ་དགུའི་ནང་གུང་སེང་འགྲོ་རྒྱུར་ཡིད་གཟབ་དགོས་པའི་ལམ་སྟོན་གསར་བསྒྲགས་ཤིག་སྤེལ་ཡོད་པ་དང་། རྒྱལ་ཁབ་དགུ་པོའི་ཁྲོད་རྒྱ་དཀར་ནག་གཉིས་དང་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་དང་ཤར་ཏུར་ཀི་སི་ཐན་སོགས་ཀྱི་ས་ཁུལ་ཁག་ཅིག་ཀྱང་ཚུད་ཡོད་འདུག

(MTL Blog)

ཉེ་བའི་ཆར་འཛམ་གླིང་ས་ཁུལ་གང་སར་ཆབ་སྲིད་ཀྱི་དཀའ་རྙོག་དང་རང་བྱུང་ཁམས་ཀྱི་གོད་ཆག བདེ་འཇགས་སོགས་ཀྱི་ཐོག་ལ་དཀའ་ངལ་འཕར་མ་འཕྲད་ཀྱི་ཡོད་པར་བརྟེན། ཁེ་ན་ཌ་གཞུང་གིས་རྒྱ་དཀར་ནག་གཉིས་དང་ཨི་སི་རེལ། ཧྥ་རན་སི་དང་ཨ་རབ་ཨེར་མེ་མཉམ་འབྲེལ་རྒྱལ་ཁབ། ལེ་བྷ་ནོན་དང་ཏུར་ཀི། ཏུ་ནི་ཤི་ཡ་དང་མེག་སི་ཀོ་བཅས་རྒྱལ་ཁབ་དགུའི་མིང་འདོན་བྱས་ནས་ས་ཁུལ་དེ་དག་ལ་གུང་སེང་འགྲོ་མཁན་ཚོས་ཡིད་གཟབ་བྱེད་དགོས་པའི་ལམ་སྟོན་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག

ཟླ་འདིའི་ཚེས་༧ ནས་གྷ་རྫ་དང་ཨི་སི་རེལ། དེ་བཞིན་ཝེ་སི་ཊི་བྷན་ཀི་(West Bank) ་བཅས་སུ་འབར་རྫས་འཕེན་རེས་ཀྱིས་ཡུལ་དེའིི་མི་སེར་ཚོ་ལ་ཡང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས་ས་ཁུལ་དེར་འགྲོ་རྒྱུ་ལ་ཡིད་གཟབ་བྱེད་དགོས་ཞེས་དང་། ཉེ་བའི་ཆར་རྒྱ་གར་དང་ཁེ་ན་ཌའི་བར་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད་པར་བརྟེན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་སོགས་སུ་ཁེ་ན་ཌ་ལ་རྒྱབ་འགལ་གྱི་བསམ་བློ་འཁྱེར་མཁན་མང་དུ་འགྲོ་བཞིན་ཡོད་པས་གྲོགས་འབྲེལ་མེད་པའི་མི་ལ་སྒེར་གྱི་གནད་དོན་ཞིབ་ཚགས་གླེང་སློང་བྱེད་མི་རུང་བ་དང་། གང་དུ་ཕྱིན་ཡང་ནང་མི་ལ་ལན་སྤྲད་དགོས་པ་མ་ཟད། རོགས་པ་མཉམ་དུ་འགྲོ་དགོས་པ་སོགས་ཀྱི་ལམ་སྟོན་གནང་ཡོད་འདུག

དེ་བཞིན་རྒྱ་ནག་གཞུང་གིས་བདེ་འཇགས་དོ་དམ་གྱི་བཅའ་ཁྲིམས་གསར་པས་ཡུལ་སྐོར་བ་ཚོ་ལ་ཉེན་ཁ་འཕྲད་བཞིན་ཡོད་པས་ཡིད་གཟབ་དགོས་པ་དང་། ལྷག་པར་དུ་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་དང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་ཁག་ལ་འགྲོ་དུས། རྒྱ་ནག་གཞུང་གི་བཀོད་སྒྲིག་འོག་འགྲོ་དགོས་པ་དང་ས་གནས་དེ་ཚོ་ལ་དམིགས་བསལ་ཆོག་མཆན་དགོས་པ་མ་ཟད། བཀའ་འཁྲོལ་ཡོད་ཀྱང་རྒྱ་གཞུང་གི་དཔོན་པོ་ཚོས་འགྲོ་བསྐྱོད་བཀག་སྡོམ་བྱེད་སྲིད་པ། སྐབས་རེར་ཐེམ་སྤང་བཀའ་རྒྱ་དང་དམ་དྲག་བྱེད་སྲིད་པ། དེ་བཞིན་བོད་ནང་དུ་ཁེ་ན་ཌའི་མི་སེར་ལ་དཀའ་ངལ་འཕྲད་ཚེ་རོགས་སྐྱོར་བྱ་རྒྱུ་ལ་ཚད་བཀག་ཡོད་པ་རེད་ཅེས་དང་། གཞན་ཡང་། རྒྱ་གཞུང་གིས་དྲ་རྒྱའི་ཐོག་སྟངས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་གི་དྲྭ་ཚིགས་དང་གླེང་སྟེགས་མང་དག་ཅིག་རྒྱ་ནག་ནང་བེད་སྤྱོད་བྱེད་ཐུབ་ཀྱི་མེད་པ་དང་། རྒྱ་གཞུང་གིས་བརྡ་ཐོ་མེད་པའི་ཐོག་འགྲིམ་འགྲུལ་བྱེད་མཁན་ཚོ་ལ་ཚོད་འཛིན་དང་གློག་ཆས་རིགས་ལ་ཞིབ་བཤེར་བྱེད་སྲིད་པས་གུང་སེང་འགྲོ་མཁན་ཚོས་གནས་སྟངས་དེ་ཚོ་ལ་ཤེས་རྟོགས་དགོས་པ་དང་ཐུགས་གཟབ་གནང་དགོས་ཞེས་བཀོད་ཡོད་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རི་དང་འཇར་མན། དབྱིན་ཡུལ་དང་ཧྥ་རན་སི་སོགས་ཀྱིས་ཀྱང་མི་སེར་ཚོ་ལེ་བྷ་ནོན་ནས་ཐོན་དགོས་པའི་སྐུལ་མ་བྱས་ཡོད་འདུག་ལ། རྒྱ་གར་གྱིས་ཁེ་ན་ཌ་ལ་ཡོད་པའི་རྒྱ་གར་གྱི་མི་སེར་ཚོས་ཡར་མར་འགྲིམ་འགྲུལ་ལ་དོགས་ཟོན་དང་ཡིད་གཟབ་དགོས་པའི་ལམ་སྟོན་གནང་ཡོད་འདུག།

གསར་འགོད་པ་བློ་བཟང་རྒྱ་མཚོ།