ཁེར་གྷི་སེ་ཐན་ནང་གྲོས་ཚོགས་འོས་བསྡུའི་གྲུབ་འབྲས་ལ་ངོ་རྒོལ་བྱས་འདུག
ཟླ་༡༠ པའི་ཚེས་༤ ཉིན་ཁེར་གྷི་སེ་ཐན་(Kyrgyzstan) ནང་དུ་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་ཡོད་པ་དང་། འོས་བསྡུའི་གྲུབ་འབྲས་སུ་སྲིད་དོན་ཚོགས་པ་༡༦ ནས་ཚོགས་པ་༤ ལ་མ་གཏོགས་གྲོས་ཚོགས་ནང་ཞུགས་ཆོག་པའི་དགོས་ངེས་ཀྱི་འོས་གྲངས་ཐོབ་མེད་འདུག སྲིད་དོན་ཚོགས་པ་༤ ཡི་ནང་ནས་གཉིས་ནི་ལས་ཁུར་སྲིད་འཛིན་དང་འབྲེལ་བ་དམ་ཟབ་ཡོད་མཁན་ཡིན་ཁར། དེ་གཉིས་ཀ་འོས་གྲངས་བརྒྱ་ཆ་༥༠ ཐོབ་ཡོད་འདུག
ཚེས་༥ ཉིན་མི་མང་སྟོང་ཕྲག་མང་པོས་འོས་བསྡུའི་གྲུབ་འབྲས་དེ་ནི་རྫུན་བཟོ་ཡིན་པ་དང་། གྲུབ་འབྲས་དེ་རྩིས་མེད་བཏང་ནས་འོས་བསྡུ་བསྐྱར་དུ་བྱེད་དགོས་པའི་དགོས་འདུན་དང་། ལས་ཁུར་སྲིད་འཛིན་(Jeenbekov) ཡིས་འོས་བསྡུ་དྲང་བདེན་ཡོང་རྒྱུ་ཁས་ལེན་བྱས་ཡོད་ཀྱང་དེ་ལྟར་བྱུང་མེད་པས་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་ནས་རྒྱལ་སར་ངོ་རྒོལ་ལས་འགུལ་ཆེན་མོ་སྤེལ་འདུག
ལས་འགུལ་སྐབས་སུ་མི་མང་གིས་གྲོས་ཚོགས་ཀྱི་ཁང་བརྩེགས་ནང་དུ་འཛུལ་འདུག་པ་དང་། སྲིད་འཛིན་གྱི་ལས་ཁུངས་ནང་དུ་ཡང་འཛུལ་ནས་སྒེའུ་ཁུང་ནས་ཤོག་བུ་གཏོར་བ་སོགས་བྱས་འདུག དེ་བཞིན་ཁང་བརྩེགས་ཀྱི་ཆ་ཤས་ཁ་ཤས་ནས་མེ་འབར་གྱི་ཡོད་པ་འདྲ་བའི་བརྙན་ཐུང་དྲ་ལམ་ཁག་ཏུ་ཁྱབ་འདུག ལས་འགུལ་སྐབས་སུ་མི་མང་གིས་བཙོན་ཁང་དུ་ཡོད་པའི་སྐབས་སྔོན་མའི་སྲིད་འཛིན་(Almazbek Atambayev) གློད་གྲོལ་བཏང་འདུག་པ་དང་། སྐབས་དེར་བདེ་སྲུང་མི་སྣས་བཀག་འགོག་བྱས་མེད་འདུག སྲིད་འཛིན་ཁོང་ལ་ལྐོག་ཟ་རུལ་སུངས་དང་འབྲེལ་ནས་བཙོན་འོག་ཏུ་ཁྲིམས་ཁང་གི་ཉན་ཞིབ་སྒུག་ནས་བསྡད་ཡོད་པ་རེད།
དེ་བཞིན་ཚེས་༥ ཉིན་ཕྱོགས་འགལ་སྲིད་དོན་ཚོགས་པ་༡༢ ཀྱིས་འོས་བསྡུ་གྲུབ་འབྲས་དེར་ངོས་ལེན་མེད་པའི་གསལ་བསྒྲགས་བྱས་འདུག་པ་དང་། ཚེས་༦ ཉིན་སྲིད་འཛིན་གྱིས་སྲིད་དོན་ཚོགས་པ་༡༦ ཆ་ཚང་གི་འགོ་ཁྲིད་དང་ཐུག་ནས་གནད་དོན་སེལ་ཐབས་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག
ངོ་རྒོལ་ལས་འགུལ་སྐབས་སུ་མི་མང་༡༢༠ ལྷག་ལ་རྨས་སྐྱོན་རྐྱེན་གྱིས་སྨན་བཅོས་བྱེད་བཞིན་ཡོད་འདུག་པ་དང་། ཚེ་སྲོག་ཤོར་མཁན་བྱུང་མེད་འདུག
འོས་གྲངས་མང་ཤོས་གྲས་ཐོབ་ཡུལ་གྱི་སྲིད་དོན་ཚོགས་པ་(Birimdik) ཞེས་པ་དེའི་ནང་གི་འོས་མི་ཞིག་ནི་ལས་ཁུར་སྲིད་འཛིན་གྱི་གཅུང་པོ་ཡིན་པ་དང་། སྲིད་དོན་ཚོགས་པ་དེས་འོས་བསྡུ་བསྐྱར་དུ་བྱེད་པར་དགག་བྱ་མེད་པ་དང་། གྲོས་ཚོགས་ནང་དུ་ཞུགས་པའི་དགོས་ངེས་ཀྱི་འོས་གྲངས་ལོན་མཁན་སྲིད་དོན་ཚོགས་པ་གཞན་ཚོ་ལ་ཡང་དེ་ལྟར་བྱེད་པའི་དགོས་འདུན་བཏོན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།