ཁྲིམས་ཞིབ་པ་གསུམ་ལས་གནས་ནས་མར་ཐོན་དགོས་པའི་ལས་འགུལ་སྤེལ་སོང་།

ཟླ་འདིའི་ཚེས་༡༢ ཉིན་གྱི་སྔ་དྲོ་དྷ་སའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་དུ་དང་བླངས་ལས་འགུལ་བ་མི་མང་བཅུ་གྲངས་ཤིག་གིས་གྲོས་ཚོགས་ནང་འཕོ་འགྱུར་བཏང་ཟིན་པའི་ཁྲིམས་ཞིབ་པ་གསུམ་ལས་གནས་ནས་མར་ཐོན་དགོས་པའི་ལས་འགུལ་ཞིག་སྤེལ་སོང་།

ལས་འགུལ་བ་ཚོས་གངས་སྐྱིད་སྒོ་ཆེན་ནང་ཁྲིམས་རྫུན་གསུམ་ལ་ངོས་ལེན་མེད་ཅེས་འཕྲེད་དར་འཕྱར་བ་དང་། “ཇི་སྲིད་ཁྲིམས་ཞིབ་པ་ཟུར་པ་གསུམ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མ་བྲལ་གྱི་དེ་སྲིད་བར་དུ་ང་ཚོའི་ལས་འགུལ་ལ་ནམ་ཡང་མཚམས་འཇོག་མེད་པ་མ་ཟད། ད་དུང་གཞི་རྒྱ་ཆེ་རུ་གཏང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་”ཅེས་བརྗོད་སོང་།

ཁོང་ཚོས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། “བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༡༠ པའི་ཐོག་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བཅའ་ཁྲིམས་ཀྱི་དགོངས་དོན་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་ཚད་མཐོའི་མང་མོས་ཐག་གཅོད་ཡིག་ཆ་ཨང་ ༣༩ པའི་ལམ་ནས་འཕོ་འགྱུར་བཏང་ཟིན་ཡང་། ལས་མཚམས་བཞག་ནས་ཟླ་བ་གཉིས་ཙམ་སོང་རྗེས་ཕྱི་ཟླ་༥ ཚེས་༢༤ ཉིན་ཁྲིམས་དང་སྒྲིག་གཞི། ལམ་དང་ལུགས་སྲོལ་ གང་ཡང་མ་བརྒྱུད་བར་མི་མང་གི་མངོན་འདོད་ཡིན་ཚུལ་གླེང་སྟེ་ལས་གནས་སུ་ཕྱིར་ལོག་བྱས་པར་ཁྲིམས་མཐུན་གྱི་གནས་བབ་གང་ཡང་མེད་པར་བརྟེན་དུས་ནམ་ཡང་ངོས་ལེན་ཞུ་ཐབས་མེད། དེས་རྐྱེན་གྱིས་བོད་དོན་འཐབ་རྩོད་ཀྱི་གནས་བབ་སྤྱི་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཡོངས། མང་གཙོ་ཀ་བ་གསུམ་ཀ་ཡོངས་སུ་སྦོ་ལུགས་པ། བཅའ་ཁྲིམས་རིན་པོ་ཆེར་རྩིས་མེད་རྡོག་རོལ་གྱིས་གང་ཟག་གིས་དབང་བསྒྱུར་དུ་སོང་བ། ྋགོང་ས་མཆོག་གིས་གསོལ་བསྩལ་གནང་བའི་ཡང་དག་པའི་མང་གཙོའི་སྲོལ་བཟང་རྩ་བརླག་ཏུ་འགྲོ་ཉེན་ཡོད་པ། འདེམས་ཐོན་སྲིད་སྐྱོང་མཆོག་གིས་ཁྲིམས་མཐུན་གྱིས་དམ་འབུལ་ཞུ་མ་ཐུབ་པ། སྐབས་༡༧ པའི་སྤྱི་འཐུས་རྣམ་པས་དམ་བཅའ་ཁག་གཉིས་མི་ཕུལ་ཀ་མེད་ཆགས་བ། ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་མཛད་སྒོར་མང་གཙོ་ཀ་བ་གསུམ་ཀའི་མཛདགཙོ་ཆ་ཚང་མེད་པར་སྲུང་བརྩི་ཞུ་དགོས་བྱུང་བ། ཐ་ན་རང་ལུས་ཚུན་ཆད་མེ་སྲེག་བཏང་དགོས་བྱུང་བ་སོགས་དགྲ་དགའ་གཉེན་སྡུག་གི་ལས་ཇི་སྙེད་ཅིག་སྔར་བྱུང་མྱོང་ལྟ་ཞོག་བློ་ཡུལ་དུ་ཤོངས་དཀའ་བ་མང་པོ་མངོན་སུམ་དུ་བྱུང་དང་འབྱུང་མུས་ཡིན་པ་མང་གཙོའི་ལམ་ལུགས་ནང་གཞུང་འཛུགས་མཁན་མི་མང་ཡིན་ལ། གཞུང་གི་བདག་པོའང་མི་མང་ཡིན། གཞུང་སྐྱོང་མཁན་ཡང་མི་མང་ཡིན་ཞེས་པའི་བསྡོམས་ཚིག་ཅིག་ཡོད་པ་བཞིན་ྋགོང་ས་མཆོག་གིས་སྐུ་གཞོན་ནུའི་དུས་ནས་སྤྱིར་འཛམ་བུ་གླིང་དང་། སྒོས་སུ་བོད་གངས་ཅན་པ་ཁོ་ནའི་ཆེད་ཉིན་མཚན་དུས་དྲུག་ཏུ་སྐུ་ལས་ཚད་མེད་བསྐྱོན་གནང་མཛད་དེ་མང་གཙོའི་བམ་བཟང་ཆ་ལག་ཚང་བ་ཞིག་གསོལ་བསྩལ་གནང་ཡང་ཁྲིམས་ཞིབ་པ་ཟུར་པ་གསུམ་གྱིས་བཀའ་དགོངས་ཇི་བཞིན་འགྲུབ་རེ་མེད་པ་བཟོས་ཙང་ནམ་ཡང་ངོས་ལེན་ཞུ་ཐབས་བྲལ་བ་སོང་ལས་འགུལ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ང་ཚོའི་དགོས་འདུན་ནི་ཁྲིམས་ཞིབ་པ་ཟུར་པ་གསུམ་པོ་ངེས་པར་དུ་ཁྲིམས་ཞིབ་ཁང་ནས་ཁ་བྲལ་ཏེ་ཁྲིམས་ཞིབ་པའི་ཞབས་བཀྱག་གསུམ་ཀ་སྟོང་པ་བཟོ་སྟེ་སྔར་ལམ་བཞིན་མང་གཙོ་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་འདི་སྲ་བརྟན་ཡོང་རྒྱུ་ཁོ་ནའོ། མདོར་ན་ཇི་སྲིད་ཁྲིམས་ཞིབ་པ་ཟུར་པ་གསུམ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མ་བྲལ་གྱི་དེ་སྲིད་བར་དུ་ང་ཚོའི་ལས་འགུལ་ལ་ནམ་ཡང་མཚམས་འཇོག་མེད་པ་མ་ཟད། ད་དུང་གཞི་རྒྱ་ཆེ་རུ་གཏང་རྒྱུའི་གྲ་སྒྲིག་ཨང་གསར་ཡོད།”ཅེས་སྤེལ་འདུག

འདི་ལོའི་ཕྱི་༦ པའི་ཚེས་༢༧ ཉིན་ཡང་ད་ལྟའི་ཁྲིམས་ཞིབ་པ་ལ་ངོས་ལེན་མེད་པའི་ལས་འགུལ་སྤེལ་ཏེ་ཁྲིམས་ཞིབ་ཁང་དང་བཀའ་ཤག་ལ་སྙན་ཞུ་ཕུལ་བ་དང་། དེ་རྗེས་བོད་མི་གནས་སྡོད་བྱེད་སའི་ས་གནས་གཞན་ཁག་ཅིག་ཏུ་ཡང་དེ་མཚུངས་ལས་འགུལ་སྤེལ་ཡོད་པ་རེད།

གསར་འགོད་པ་ཆོས་ཉིད་འོད་ཟེར།