ཁྲིམས་འགལ་སྒང་ལ་ཁྲིམས་འགལ་བྱེད་ཕོད་དམ།
ལ་སྟོ་འབྲོང་བུ།
བོད་མིའི་འཐབ་རྩོད་ནི་ད་ལྟའང་མཇུག་མ་སྒྲིལ་བར་གསོན་པོར་གནས་ཡོད། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་ཉག་གཅིག་ལ་བརྟེན་ནས་བོད་ཀྱི་བདེན་པའི་འཐབ་རྩོད་གསོན་པོར་གནས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ད་དུང་བཟང་ཕྱོགས་ཀྱི་འགྱུར་འགྲོས་བྱུང་དང་འབྱུང་བཞིན་ཡོད། འོན་ཀྱང་བོད་ཀྱི་གཉན་ཕྲང་ཆེ་བའི་དུས་སྐབས་འདིར་ད་ལྟ་བཙན་བྱོལ་བོད་མིའི་གནས་སྟངས་ནི་དགྲ་དགའ་གཉེན་སྡུག་གི་ཕྱོགས་སུ་བསྐྱོད་དང་འགྲོ་བཞིན་པ་འདིར་སེམས་གཏིང་ནས་བློ་ཕམ་ཚད་མེད་ཡོང་གི་འདུག ད་ལྟའི་ཁྲིམས་འགལ་གཅིག་ཐོག་ཉིས་རྩེགས་ཀྱི་བྱུང་རིམ་བློ་གཟུ་བོར་གནས་པའི་སྐྱེ་བོ་ཀུན་གྱི་ཆེད་ལམ་ཙམ་ཞུ་རྒྱུར།
རྒྱ་ནག་གྲོང་ཁྱེར་ཝུ་ཧན་ནས་བྱུང་བའི་རྒྱ་ནད་དེ་ཡིའི་རྐྱེན་བྱས་ཏེ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་དང་རྒྱུན་ལས་ནས་སྤྱི་ལོ་ ༢༠༢༠ ལོའི་ཟླ་དགུ་པའི་གྲོས་ཚོགས་དུས་ཚོད་ངེས་མེད་བར་ཕར་འགྱང་དང་། སྐབས་དེའི་བཀའ་ཤག་གི་ལས་བསྡོམས་སྙིང་བསྡུས་དང་སྤྱི་འཐུས་རྒྱུན་ལས་ནས་ལས་བསྡོམས་རྒྱས་པར་གཟིགས་ཞིབ་གནང་བའི་སྙན་ཐོ་བཅས་པ་སྤྱི་འཐུས་ཡོངས་ལ་གློག་འཕྲིན་བརྒྱུད་འགྲེམས་སྤེལ་དང་། སྤྱི་འཐུས་རྣམ་པས་ལས་བསྡོམས་ལས་འཕྲོས་ཏེ་དོགས་འདྲི་སོགས་ཡོད་ཚེ་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་བརྒྱུད་འཛིན་སྐྱོང་བཀའ་ཤག་ལ་དྲི་བ་གཏོང་རྒྱུའི་གོ་སྐབས་ཀྱང་སྤྲད་ཡོད། སྤྱི་འཐུས་རྒྱུན་ལས་ཀྱི་སྙན་ཐོའི་ལན་འདེབས་དང་སྤྱི་འཐུས་རྣམ་པའི་དོགས་འདྲིའི་ལན་འདེབས་སོགས་འཛིན་སྐྱོང་བཀའ་ཤག་ནས་བཀའ་དྲུང་ཡིག་ཚང་བརྒྱུད་ཚོགས་དྲུང་ལས་ཁུངས་ལ་བཏང་ཡོད། དེ་བཞིན་ཚོགས་དྲུང་ལས་ཁུངས་ནས་ཀྱང་སྤྱི་འཐུས་རྒྱུན་ལས་ཀྱི་བཀའ་འབྲེལ་ལྟར་སྤྱི་འཐུས་རྣམ་པར་ཚུལ་མཐུན་འགྲེམས་སྤེལ་གྱིས་གྲོས་ཚོགས་དངོས་ཚོགས་ཐུབ་མེད་ནའང་། གྲོས་ཚོགས་ནས་འཛིན་སྐྱོང་གི་ལས་དོན་ལ་རྟོག་ཞིབ་ཞུ་སྒོ་ཞུ་ཐུབ་པ་ལྟ་བུ་བྱུང་ཡོད་པ་འབྲེལ་ཡོད་ཚང་མས་མཁྱེན་གསལ་རེད། འོན་ཀྱང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ཁ་ཡོད་མེད་ལ་ལྟོས་མེད་སྤྱི་མང་གཏུགས་བཤེར་གྱི་ཁྲིམས་ཡིག་ནང་ཉེ་དུས་གསར་འཇུག་བྱས་པའི་ཁྲིམས་ཀྱི་ངོས་བཞེས་(Su motto)ལ་ཁ་གཡར་ཏེ་གྲོས་ཚོགས་ཕར་འགྱངས་གནང་བ་དེ་བཅའ་ཁྲིམས་དང་འགལ་ལུགས་ཀྱི་ལུང་འདྲེན་གནང་སྟེ་སྤྱི་འཐུས་རྒྱུན་ལས་ལ་བརྡ་ཐོ་(Show cause Notice) གང་ཡང་མ་བཏང་བར་བཀའ་ཁྱབ་(Order) བཏང་གནང་བ་ལས་འཕྲོས་ཏེ་ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དགྲ་དགའ་གཉེན་སྡུག་གི་གནས་སྟངས་འདི་འགོ་བཙུགས་ཡོད།
སྤྱིར་བཏང་ང་རང་ཚོའི་གནས་ཚང་ལྟ་བུ་རྒྱལ་ཁབ་གཞན་ནང་ཁྲིམས་ཀྱི་ངོས་བཞེས་ཟེར་བ་དེ་ཁྲིམས་ཁང་ནས་འཛིན་སྐྱོང་ལ་བཏང་བ་མ་གཏོགས་གྲོས་ཚོགས་ལ་གཏོང་སྲོལ་རྩ་བ་ཉིད་ནས་མེད་པ་ལྟ་བུ་རེད། ལྷག་པར་ཁྲིམས་ཞིབ་ཁང་ནས་སྤྱི་མང་གཏུག་བཤེར་ཁྲིམས་ཡིག་ནང་ཁྲིམས་བཟོའི་སྐུ་དབང་ཆ་ཚང་ལྡན་པའི་གྲོས་ཚོགས་དང་ཁྲིམས་སྒྲིག་དངོས་སུ་ལག་བསྟར་གནང་མཁན་འཛིན་སྐྱོང་བཀའ་ཤག་གཉིས་ལ་དགོངས་བསྐོར་གང་ཡང་མེད་པར་ཁྲིམས་ཀྱི་ངོས་བཞེས་ཞེས་པ་གསར་འཇུག་གནང་བ་དང་ཕྱིས་སུ་མཁྱེན་རྟོགས་ཆེད་ངོ་བཤུས་ཕུལ་ཡོད་ཀྱང་། དེ་འདྲའི་གནད་དོན་གསར་པ་ཁ་སྣོན་བྱས་མ་ཐག་ཞིབ་འཇུག་སོགས་གང་ཡང་མ་གནང་བར་ལག་བསྟར་གནང་བ་དེ་ནི་ཆེས་མཐོའི་ཁྲིམས་ཞིབ་པ་གསུམ་གྱི་ནོར་འཁྲུལ་དང་པོ་དེ་རེད།
རྒྱ་གར་ནང་ཉེ་དུས་ཁྲིམས་ཁང་གོང་འོག་ནས་དབུས་དང་མངའ་གཞུང་ལ་ད་ལྟའི་ནད་ཡམས་དང་འབྲེལ་བའི་ཁྲིམས་ཀྱི་ངོས་བཞེས་ལག་བསྟར་གནང་བའི་སྐབས་སུ་དང་ཐོག་བརྡ་ཐོ་བཏང་སྟེ་གསལ་བཤད་བྱེད་རྒྱུའི་གོ་སྐབས་གནང་། དེ་རྗེས་གསལ་བཤད་ལ་དཔག་པའི་ཁྲིམས་ཁང་གོང་འོག་སོ་སོས་བཀའ་ཁྱབ་གནང་ཡོད། འགྲོ་ལུགས་དེ་ལྟར་མ་གནང་བར་གྲོས་ཚོགས་ལ་ཐད་ཀར་བཀའ་ཁྱབ་བཏང་སྟེ་གདོང་ཐུག་གི་རྣམ་པ་ལྟ་བུར་འགྱུར་པ་དེ་ཁྲིམས་ཞིབ་པ་གསུམ་གྱི་ནོར་འཁྲུལ་གཉིས་པ་དེ་རེད།
ནད་ཡམས་ཀྱི་དུས་སྐབས་འདིར་རྒྱ་གར་དབུས་ཀྱི་གྲོས་ཚོགས་དེ་སྔ་ལྟར་ཚོགས་མེད་ནའང་ཁྲིམས་ཁང་ནས་གྲོས་ཚོགས་མ་འཚོག་པར་ཁ་གཡར་ཏེ་ཁྲིམས་ཀྱི་ངོས་བཞེས་ཀྱི་བརྡ་ཐོ་ཐག་གཅོད་སོགས་གནང་མེད་པ་ཚང་མས་མཁྱེན་གསལ་དང་དེར་དཔེ་བླང་མ་ཐུབ་པ་ནི་ཁྲིམས་ཞིབ་པ་གསུམ་གྱི་ནོར་འཁྲུལ་གསུམ་པ་དེ་རེད།
སྐབས་བཅུ་དྲུག་པའི་སྤྱི་འཐུས་རྒྱུན་ལས་ནས་གདོང་ཐུག་གི་རྣམ་པ་ལྟ་བུར་མ་མཛད་པར་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ལྟར་གྲོས་ཚོགས་དངོས་སུ་ཚོགས་རྒྱུའི་འབད་བརྩོན་མ་གནང་བ་དེ་སྤྱི་འཐུས་རྒྱུན་ལས་བཅུ་གཅིག་གིས་ཐབས་ལམ་ཡོད་བཞིན་དུ་བསམ་གཞིགས་མ་གནང་བར་ཨུ་ཚུགས་གནང་བ་དེ་རྒྱུན་ལས་བཅིུག་གི་ནོར་འཁྲུལ་དང་པོ་རེད།
དེ་རྗེས་ཁྲིམས་ཞིབ་ཁང་དང་གྲོས་ཚོགས་དབར་གནས་སྟངས་ཇེ་སྡུག་ཏུ་སོང་སྟེ་མཐར་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་བཅིུག་གི་འདེམས་བྱེད་ཐོབ་ཐང་དུས་ཚོད་ངེས་ཅན་རིང་འཕྲོག་སྟེ་ནང་ཁུལ་འགྲིག་ཐབས་ཀྱི་རྣམ་པ་ཞིག་བཏོན་ཁུལ་བྱས་ཀྱང་། སྤྱི་འཐུས་རྒྱུན་ལས་ནས་དེར་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ་ཁྲིམས་ཞིབ་ཁང་ལ་ལྟོས་མེད་བྱས་པ་ནི་སྤྱི་འཐུས་རྒྱུན་ལས་བཅིུག་གི་ནོར་འཁྲུལ་གཉིས་པ་དེ་རེད། སྤྱི་འཐུས་རྒྱུན་ལས་བཅིུག་ནས་ཁྲིམས་ཞིབ་ཁང་ལ་ལྟོས་མེད་དེ་ལྟ་བུ་བྱས་ཀྱང་ཁྲིམས་ཞིབ་པ་གསུམ་གོ་མེད་ཚོར་མེད་ལྟ་བུར་བསྡད་པ་མ་ཟད། བོད་མི་དཀྱུས་མ་ཞིག་གིས་དེ་ལྟར་ལྟོས་མེད་བྱས་ཡོད་ཚེ་ཁྲིམས་ཞིབ་ཁང་ནས་བདམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོག་ཡོད་པ་འདས་པའི་ལོ་རྒྱུས་ལས་རྟོགས་ཐུབ། འོན་ཀྱང་རྒྱུན་ལས་བཅིུག་ལ་ཁྲིམས་ཞིབ་ཁང་ནས་དེ་ལྟར་གནང་མ་ཐུབ་པ་ནི་ཁྲིམས་ཞིབ་ཁང་གི་ནོར་འཁྲུལ་བཞི་པ་དང་རང་གི་ཆེ་མཐོང་རང་གིས་ཉར་འཇོག་མ་ཐུབ་པར་བློ་ཕམ་སྐྱེས་དགོས་པ་ཞིག་རེད།
སྤྱི་ལོ་ ༢༠༢༡ ཟླ་ ༣ གྲོས་ཚོགས་སྐབས་རྒྱུན་ལས་ནས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གཏོང་རྒྱུའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་བཏོན་པ་དང་། དེར་སྤྱི་འཐུས་ཚང་མས་ཆ་ཤད༔ས་བླངས་ཏེ་མཐར་གྲོས་ཚོགས་ནང་སྤྱི་འཐུས་ངོ་ཡོད་ ༤༡ ལས་མེད་ཀྱང་སྤྱི་འཐུས་ ༣༡ ནས་གྲོས་ཆོད་ལ་རྒྱབ་སྐྱོར་དང་སྤྱི་འཐུས་ ༡༠ ནས་དགག་ཆ་བྱས་ཏེ་མཐར་བཅའ་ཁྲིམས་དགོངས་དོན་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་རྒྱབ་སྐྱོར་དང་སྦྲགས་ཁྲིམས་ཞིབ་པ་གསུམ་པོ་འཕོ་འགྱུར་བཏང་བ་དང་། དེའི་ཕྱི་ཉིན་ཁྲིམས་ཞིབ་པ་གསུམ་ནས་སྤྱི་ལྷན་གྱི་ཐག་གཅོད་ལ་ངོས་ལེན་མེད་རུང་གཞུང་ཞབས་རྒྱུན་རིང་གནང་བ་ལུང་འདྲེན་གྱིས་བཅའ་ཁྲིམས་ལ་བརྩི་བཀུར་དང་སྤྱི་ལྷན་གྱི་གྲོས་ཆོད་ལ་གུས་བརྩི་ཞུ་རྒྱུ་སོགས་འགན་འཁུར་ལྡན་པའི་ངང་ལས་འགན་ནས་བཤོལ་བ་ཡིན་ཞེས་ཡིག་ངག་གཉིས་ཐོག་ནས་གསུང་ཡོད། སྐབས་དེ་དུས་གནས་སྐབས་ལས་འགན་ནས་བཤོལ་བ་ལྟ་བུ་སྐད་ཆའི་ཚིག་ཟུར་ཙམ་ཡང་གླེང་མེད། ཕྱིས་སུ་དབྱིན་ཇིའི་ཚིག་(recuse)ཟེར་བ་དེ་སྐབས་དེ་དུས་ཁྲིམས་ཞིབ་པ་གསུམ་པོས་ཡིག་ངག་གཉིས་ཐོག་ནས་གླེང་མེད་པ་མ་ཟད། དེ་དུས་གནས་སྐབས་ལས་འགན་བཤོལ་བ་ཡིན་ལུགས་དེང་སང་གླེང་བཞིན་པ་དེ་སྐབས་དེ་དུས་བསམ་བློའི་ནང་འཆར་ཡོད་སྐོར་ཁྲིམས་ཞིབ་གསུམ་པོས་མཆོག་གསུམ་དཔང་བཙུགས་ཐུབ་བམ། ད་ལྟ་བཤད་པ་བཞིན་བསམ་བློའི་ནང་འཁོར་ཡོད་སྐོར་རྫུན་གཏམ་གླེང་སྲིད་ན། ཁྲིམས་ཞིབ་པ་གཞན་ཞིག་གི་བཟའ་ཟླ་གཞུང་ཞབས་ཡིན་པ་དེ་ཡིས་ནང་སྲིད་ས་ཁང་བདག་གཉེར་ཁང་ལ་ལས་ཤག་གནང་རོགས་ཞེས་ཡིག་ཐོག་ནས་ཞུས་ཡོད་པ་དང་ལས་ཤག་ཀྱང་ཐོབ་སྟེ་སྐུ་དཔར་སོགས་ལས་ཤག་ནང་སྤོས་ཟིན་པ་དེར་འགྲེལ་བཤད་ག་རེ་གནང་རྒྱུ་ཡོད་དམ། མདོར་ན་མི་གསུམ་གྱི་ལས་ཡུན་ཕྲན་བུ་འཕར་མ་ཡོང་རེ་བྱས་ཏེ་དེ་སྔ་བསམ་བློའི་ནང་མེད་པ་ཕྱིས་སུ་དེ་ལྟར་འཁོར་བ་དེ་བེད་སྤྱད་དེ་སྤྱི་ཚོགས་བརྟན་ལྷིང་མེད་པ་བཟོས་པ་དེ་ཁྲིམས་ཞིབ་པ་གསུམ་གྱི་ནོར་འཁྲུལ་ལྔ་པ་དེ་རེད།
སྤྱི་འཐུས་རྒྱུན་ལས་ནས་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གཏོང་རྒྱུའི་ཚབ་ཏུ་ཉེན་བརྡ་ཆེ་ཙམ་ཞིག་བཏང་ན་མ་འགྲིག་པ་མེད་ཀྱང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་གཏན་འབེབས་གནང་བ་དང་། གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་མཁན་ཁོངས་ཆོལ་ཁ་གཅིག་ཙམ་མ་ཡིན་པར་ཆོལ་ཁ་གསུམ་ཆོས་བརྒྱུད་ཕྱི་རྒྱལ་དང་བཅས་པའི་སྤྱི་འཐུས་ཧ་ལམ་མང་ཆེ་བས་རྒྱབ་སྐྱོར་བྱས་ཡོད་པ་ཁ་གསལ་དོད་པོ་ཡིན། ད་དུང་དེ་ལས་ཧང་སང་དགོས་པ་ཞིག་ལ་གྲོས་ཚོགས་ནང་ཕྱིའི་རྣམ་པའི་ཐོག་ནས་གྲོས་ཆོད་ལ་དགག་པ་ཡོད་ལུགས་ཀྱི་རྣམ་འགྱུར་བསྟན་ཀྱང་དོན་དངོས་ཐོག་རྒྱབ་སྐྱོར་བྱས་ཏེ་མགོ་གཉིས་ཁྲབ་མཁན་དེ་ཚོ་ལས་རྒྱུ་འབྲས་ལ་ནམ་ཡང་འགྲོ་མི་སྲིད།
སྐབས་བཅུ་དྲུག་པའི་སྤྱི་འཐུས་གྲོས་ཚོགས་ཟླ་ ༣ ཚེས་ ༣༡ བར་འཚོག་གཏན་འཁེལ་ཡོད་རུང་སྔོན་དུ་གྲོལ་ཏེ་ལས་དོན་འཕྲོ་སྐྱོང་བྱེད་རྒྱུའི་དུས་ཚོད་ཡོད་བཞིན་དུ་དེ་ལྟར་མ་གནང་བར་གྲོས་ཚོགས་འཕར་མ་འཚོག་རྒྱུའི་ཐག་གཅོད་གནང་བ་དེ་ནི་ཚོགས་གཙོ་གཉིས་གཙོ་གྱུར་སྤྱི་འཐུས་ལྷན་ཚོགས་ཀྱི་ནོར་འཁྲུལ་གསུམ་པ་དེ་ཡིན།
སྤྱི་ཟླ་ ༤ ཚེས་ ༨ ཉིན་བཀའ་བློན་ཁྲི་ཟུར་དང་ཚོགས་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནོར་ཝེ་རླུང་འཕྲིན་གྱི་བཅར་འདྲི་ཞིག་གི་བརྒྱུད་གསལ་བཤད་གནང་བ་དེ་སྐུ་སྒེར་མ་གཏོགས་ཚོགས་སྒེར་གཞན་སུ་ལའང་འབྲེལ་བ་མེད་སྐོར་གསུངས་ཡོད་ཀྱང་། དགའ་ལྡན་ཕོ་བྲང་ཡིག་ཚང་ནང་ཐུགས་འགན་བཞེས་མཁན་ཞིག་གིས་དེ་ལྟར་ཡོངས་བསྒྲགས་གསུང་དུས་རང་ཤུགས་ཀྱིས་ཤུགས་རྐྱེན་ཡོད་པ་ཚང་མས་རྟོགས་ཐུབ། སྐབས་དེའི་གྲོས་ཚོགས་ནང་རིན་པོ་ཆེ་མཆོག་གི་དགོངས་པ་ཇི་ཡིན་ཚོགས་གཙོ་དང་། གྲོས་ཆོད་ལ་རྒྱབ་སྐྱོར་གནང་མཁན་དང་དགག་པ་རྒྱག་མཁན་གཉིས་ཀས་ལུང་འདྲེན་གནང་བ་སོང་ཙང་རིན་པོ་ཆེས་གསལ་བཤད་མ་གནང་རང་གནང་ཆགས་ཡོད་སྲིད། ཡིན་ནའང་། ཕལ་ཆེ་བས་རིན་པོ་ཆེའི་གསལ་བཤད་ཆ་ཚང་རྟོགས་མེད་པ་ལྟ་བུར་སྣང་། དཔེར་ན་ཁྲིམས་ཞིབ་ཁང་ནས་ཁྲིམས་ཀྱི་ངོས་བཞེས་ལག་བསྟར་མ་བྱེད་གོང་བརྡ་ཐོ་གཏང་དགོས་པ་ལྟ་བུའི་གསུང་བབས་དང་མཐའ་མའི་ཐག་གཅོད་དེ་གྲོས་ཚོགས་ནས་གནང་དགོས་པའི་བཀའ་མོལ་དེ་གཉིས་སུས་ཀྱང་བདག་སྤྲོད་མ་བྱས་པ་ཡ་མཚན་ཆེ། མང་པོས་བདག་སྤྲོད་བྱེད་བཞིན་པ་ཁྲིམས་ཞིབ་པ་གསུམ་པོ་སྡེབས་གཅིག་ལ་འཕོ་འགྱུར་གཏོང་མི་ཆོག་པ་དང་དེའི་ཆེད་ཚོགས་ཆུང་བཙུགས་དགོས་པའི་དོན་གནས་གཉིས་པོ་ཞིབ་ཏུ་བཀླགས་པ་ཡིན་ན། ཁྲིམས་ཞིབ་པ་གསུམ་པོ་སྡེབས་གཅིག་ལ་འཕོ་འགྱུར་གཏོང་ཆོག་གསལ་མེད་ནའང་འཕོ་འགྱུར་གཏོང་མི་ཆོག་ཀྱང་གསལ་མེད། འཕོ་འགྱུར་གཏོང་རྒྱུ་དང་ཚོགས་ཆུང་འཛུགས་རྒྱུའི་དོན་གནས་གཉིས་ཀྱི་དབར་ལ་དང་སྒྲ་ཞིག་ཡོད་པ་དེར་ཞིབ་སྐབས་དོན་གནས་གཉིས་པོ་སོ་སོར་གོ་བ་ལེན་ནའང་མ་འགྲིག་པ་མེད།
ཁྲིམས་ཞིབ་པ་གསུམ་པོ་སྤྱི་ལྷན་གྱི་གྲོས་ཆོད་ལམ་ནས་འཕོ་འགྱུར་ཕྱིན་པ་དང་ཁྲིམས་ཞིབ་པ་རང་ཉིད་ནས་ཀྱང་འཕོ་འགྱུར་ལ་ངོས་ལེན་གྱིས་ཡིག་ངག་གཉིས་ཐོག་ནས་གསལ་བསྒྲགས་གནང་ཚར་བའི་རྗེས་སུ་ཟླ་གཉིས་མིན་ཙམ་གྱི་རྗེས་སྒོ་ནས་མ་ཡིན་པར་སྒེའུ་ཁུང་ནས་ཡར་འཛུལ་རྒྱུའི་གསལ་བསྒྲགས་དེ་ནི་ཁྲིམས་འགལ་ཙམ་དུ་མ་ཟད། ཡ་མཚན་དངོས་བྱུང་ལྟ་བུའི་གནས་ཚུལ་ཞིག་ཏུ་གྱུར། ཁྲིམས་ཞིབ་པ་གསུམ་པོ་ཡར་ཁྲིམས་ཞིབ་ཁང་དུ་ཕེབས་རྒྱུར་དགག་པ་མེད་ཀྱང་འཛུལ་སྟངས་འཛུལ་ལུགས་དེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་འགྱུར་བ་བཏང་སྟེ་ཡར་ཕེབས་དགོས་པ་ནི་ཁྲིམས་སྒྲིག་དང་མཐུན་ཞིང་འཇིག་རྟེན་ལུགས་དང་མཐུན་པ་ཞིག་ཡིན། དེ་ལྟར་མ་གནང་བ་ནི་ཁྲིམས་ཞིབ་པ་གསུམ་གྱི་ནོར་འཁྲུལ་དྲུག་པ་དེ་ཡིན།
ཁྲིམས་ཞིབ་པ་ཟུར་པ་དང་བཀའ་ཟུར་རྣམ་པས་གྲོས་ཚོགས་བསྡུ་སྐོང་གིས་གྲོས་ཆོད་འགྱུར་བ་བཏང་སྟེ་ཁྲིམས་ཞིབ་པ་གསུམ་པོ་རང་གནས་སུ་ཕེབས་དགོས་པ་ལས། གྲོས་ཆོད་ལ་འགྱུར་བ་མ་བཏང་བར་རང་གི་དེ་སྔའི་ལས་གནས་སུ་ཡར་ཞུགས་དགོས་པ་རྩ་བ་ཉིད་ནས་བཤད་མེད། བྱས་ཙང་ལུང་འདྲེན་དེ་ཚོ་ཁྲིམས་ཞིབ་པ་གསུམ་ནས་མང་ཚོགས་ལ་དབུ་སྐོར་བཏང་བ་དང་། གྲོས་ཆོད་ལ་འགྱུར་བ་མ་བཏང་བར་ཡར་ལས་གནས་སུ་ཕེབས་དགོས་ཞུ་མཁན་གྲོས་ཆོད་གཏན་འབེབས་སྐབས་ཆ་ཤས་ལེན་མཁན་སྤྱི་འཐུས་ཉི་ཤུ་རྩ་གཅིག་དེ་ཚོ་ཡིན། སྤྱི་འཐུས་ཁོང་རྣམ་པར་གྲོས་ཚོགས་འཕར་མའི་སྐབས་གསུང་རྒྱུ་དང་ཐག་གཅོད་བྱ་རྒྱུའི་སྐུ་དབང་ཆ་ཚང་ཡོད་མཁན་ཚོས་རང་གི་ལྷན་ཚོགས་དང་རང་ཉིད་ནས་བཞག་པའི་གྲོས་ཆོད་ལ་བརྩི་མེད་བཏང་སྟེ་ཁྲིམས་ཞིབ་པ་ཡར་ཕེབས་ཤོག་གསུངས་ཐུབ་པ་ནི་ཧང་སང་དགོས་པའི་གནས་སུ་གྱུར། དེ་ནི་སྤྱི་འཐུས་དེ་རྣམས་ཀྱི་ནོར་འཁྲུལ་དང་པོ་དེ་ཡིན། གོང་གསལ་སྤྱི་འཐུས་ ༢༡ ཁོངས་ནས་སྤྱི་འཐུས་མང་པོས་ཡུལ་ཁྲིམས་དང་བཅའ་ཁྲིམས་ལ་ཁ་གཡར་བྱེད་མིན་ལ་ལྟོས་མེད་གྲོས་ཚོགས་འཕར་མ་ཚོགས་རྒྱུར་ཐབས་ལམ་ཡོད་བཞིན་དུ་མ་བརྟེན་པར་གྲོས་ཚོགས་དངོས་སུ་ཚུགས་མ་བཅུག་པ་ནི་གོང་གསལ་སྤྱི་འཐུས་ཚོའི་ནོར་འཁྲུལ་གཉིས་པ་དེ་ཡིན།
སྤྱི་འཐུས་ཚོགས་གཙོས་གྲོས་ཚོགས་འཕར་མ་འཚོག་རྒྱུ་ཡིན་སྐོར་ཐག་གཅོད་གནང་ཟིན་པའི་རྗེས་སུའང་རིན་པོ་ཆེ་མཆོག་གི་གསལ་བཤད་ལ་ཁ་གཡར་ཏེ་དེ་མ་ཐག་ཏུ་ཚོགས་གཙོ་དང་སྤྱི་འཐུས་ནས་དགོངས་ཞུ་གནང་བ་རང་གི་ལས་འགན་རང་གི་མ་འཁུར་བར་གཡོལ་ཐབས་བྱེད་པ་ནི་ཚོགས་གཙོའི་ནོར་འཁྲུལ་ངོས་འཛིན་བྱེད་ནའང་མི་ཆོག་པ་མེད། ཡང་དུས་ཡུན་གང་ཙམ་རྗེས་ཚོགས་གཙོས་དེ་སྔའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་འགྲིག་ཡོད་པ་མ་ཟད། རང་གི་ལས་གནས་ནས་དགོངས་ཞུ་བྱེད་པ་དེ་ནོར་འཁྲུལ་ངོས་ལེན་བྱས་ཏེ་དགོངས་ཞུ་བྱས་མེད་ལུགས་ཀྱི་གསལ་བཤད་གནང་ཡོད། དེ་ལྟར་ཡིན་ཚེ་སྤྱི་འཐུས་དང་ཚོགས་གཙོའི་ལས་སྣེ་ནས་དགོངས་ཞུ་གནང་དགོས་མ་མཐོང་། དགོངས་ཞུའི་གནད་དོན་ཕྱོགས་མང་པོས་བེད་སྤྱོད་གནང་བ་དེ་ཡིས་སྤྱི་ཚོགས་ནང་ཤུགས་རྐྱེན་ཡང་མི་ཉུང་བ་བྱུང་སོང་སྙམ།
སྤྱི་འཐུས་སྐབས་བཅུ་དྲུག་པའི་རྒྱུན་ལས་ནས་ཁྲིམས་ཞིབ་པ་གསུམ་ཡར་ལས་གནས་སུ་ཕེབས་པར་ངོས་ལེན་མེད་པ་དང་། སྤྱི་ལྷན་གྱི་གྲོས་ཆོད་མཇུག་སྐྱོང་བྱ་ཐབས་བྲལ་སྐོར་གྱི་གསལ་བསྒྲགས་དེ་བཞིན་ཕྱོགས་ཚང་མས་རང་རང་གི་འདོད་ཕྱོགས་ལྟར་བེད་ལོག་བཏང་སོང་བ་དང་། དེ་ནི་སྤྱི་འཐུས་རྒྱུན་ལས་ནས་ཚིག་ཐག་ཆོད་པོའི་གསལ་བསྒྲགས་གནང་མ་ཐུབ་པར་ནོར་འཁྲུལ་ངོས་འཛིན་བྱེད་ནའང་མི་འགྲིག་པ་མེད།
དེ་རྗེས་སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་དམ་འབུལ་ཁག་གཉིས་གནང་བ་དེའང་བཅའ་ཁྲིམས་དགོངས་དོན་ཡིན་མིན་ལ་ལྟོས་མེད་དབུ་མའི་ཐབས་ལམ་ཞིག་ལ་ངོས་འཛིན་ཞུས་ན་མ་འགྲིག་པ་མེད། འོན་ཀྱང་བར་བརྒལ་ཚོགས་གཙོས་ཁྲིམས་སྒྲིག་གང་གི་ནང་དུའང་གསལ་ཁ་མེད་བཞིན་དུ་འོས་བསྡུ་ལས་ཁུངས་ལ་ཡིག་འབྲེལ་གནང་བ་དང་། དེ་བཞིན་འོས་བསྡུའི་འགན་འཛིན་ནས་ཀྱང་ཁྲིམས་སྒྲིག་གང་ནས་ཀྱང་བཀུར་མེད་པའི་དབང་ཆ་བེད་སྤྱད་དེ་བཅའ་ཁྲིམས་དང་འགལ་བའི་ཐག་གཅོད་གནང་བ་དེ་ནི་བར་བརྒལ་ཚོགས་གཙོ་དང་འོས་བསྡུའི་འགན་འཛིན་གཉིས་ཀྱི་ནོར་འཁྲུལ་ཡིན་པ་ངོས་འཛིན་གྱིས་ཁྲིམས་འགལ་སྒང་ལ་ཁྲིམས་འགལ་དུ་གྱུར་ཡོད།
འོས་བསྡུའི་འགན་འཛིན་ནས་རང་ཉིད་ཀྱི་ལས་འགན་ཚོགས་གཙོ་ཚོགས་གཞོན་འོས་འདེམས་བྱེད་མི་ཐུབ་པ་དང་། སྤྱི་འཐུས་རྣམ་པར་གང་ཡང་གསུངས་མ་ཐུབ་པར་གཞུང་ཞབས་སྲི་ཞུ་བ་ཉམས་ཆུང་ཚོགས་དྲུང་ལ་མངོན་གསུམ་མཛེམས་མེད་ཀྱིས་ཉེན་བརྡ་དང་སྡིག་ར་བཏང་བ་ནི་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོའི་ལས་གནས་གཅིག་ལྕོགས་ཡོད་མཁན་ཞིག་གིས་བྱེད་བབ་དེ་འདྲ་རྩ་བ་ཉིད་ནས་མིན་པ་མ་ཟད། འོས་བསྡུའི་འགན་འཛིན་གྱི་ནོར་འཁྲུལ་ཆེ་བ་ཞིག་ཡིན་ཟེར་ནའང་ཆོག་པ་མ་ཟད། ཁྲིམས་འགལ་སྒང་ལ་ཁྲིམས་འགལ་འཕར་མ་ཆགས་ཡོད།
ད་ལྟའི་དུས་འདིར་ཁྲིམས་མཐུན་ཁྲིམས་ཞིབ་པ་ཡར་བླངས་ཐུབ་མེད་པའི་ཐོག སྤྱི་འཐུས་ལྷན་ཚོགས་ཀྱང་ཚོགས་ཐུབ་མེད། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་དང་རྒྱུན་ལས་ཀྱང་གསར་འདེམས་ཐུབ་མེད། རྒྱུ་མཚན་དེ་དག་ལ་བརྟེན་སྐོུ་སྲིད་སྐྱོང་མཆོག་གི་ཕྱག་འབྲེལ་བཀའ་བློན་རྣམ་པ་བསྐོ་འདེམས་ཐུབ་མེད་ཙང་མཚད་ཉིད་ཚང་བའི་འཛིན་སྐྱོང་བཀའ་ཤག་ཀྱང་གྲུབ་ཐུབ་མེད། བཀའ་ཤག་གོང་མ་དང་སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ནས་འཆར་འབུལ་གཏན་འབེབས་བཀའ་འཁྲོལ་གནང་བའི་སྔོན་རྩིས་བཀའ་འཁྲོལ་ཡོད་པའི་དབང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་འགྲོ་ཐུབ་ཙམ་ཡོད། འོན་ཀྱང་དངུལ་འབབ་བྱུང་སོང་འཕར་མ་བཀའ་འཁྲོལ་ཞུ་སའི་སྤྱི་འཐུས་ལྷན་ཚོགས་རྩ་བ་ཉིད་ནས་ཚོགས་ཐུབ་མེད་སྟབས་སྒྲིག་འཛུགས་ཀྱི་ལས་དོན་ལའང་འཐུས་ཤོར་ཡོང་དང་འབྱུང་བཞིན་ཡོད། ཡིན་ནའང་སྐོུ་སྲིད་སྐྱོང་མཆོག་དེ་སྔ་སྤྱི་འཐུས་ཡུན་རིང་དང་ཚོགས་གཙོ་གནང་མྱོང་མཁན་ཞིག་གིས་ཉེ་ཆར་བར་བརྒལ་བཀའ་འཁྲོལ་སྐོར་ལ་སྔོན་རྩིས་སྒྲིག་གཞི་ལུང་འདྲེན་གནང་སྟངས་ནི་ཁྲིམས་འགལ་སྒང་ལ་ཁྲིམས་འགལ་ལྷག་པོ་གནང་བ་ལྟ་བུ་མཐོང་། སྔོན་རྩིས་སྒྲིག་གཞིའི་ནང་བར་བརྒལ་བྱུང་སོང་སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་ནས་བཀའ་འཁྲོལ་ཞུ་དགོས་པ་དང་། ཚོགས་དྲུང་ལས་ཁུངས་སུ་བཀའ་འཁྲོལ་ཞུ་ཤོག་བཏང་སྟེ་ཉིན་གྲངས་བཅུའི་ནང་ཚུན་ལན་མ་འབྱོར་ཚེ་བཀའ་འཁྲོལ་ཐོབ་པར་ངོས་འཛིན་ཆོག་པ་ལྟ་བུའི་ཚིག་སྦྱོར་ཡོད་པ་དེ་ཁྲིམས་མཐུན་བཀའ་འཁྲོལ་གནང་མཁན་སྒྲིག་འཛུགས་ཡོད་པ་གཞིར་བཞག་གོ་བ་ལེན་དགོས། ཡིན་ནའང་བཀའ་འཁྲོལ་གནང་མཁན་དེ་སྤྱི་འཐུས་ལྷན་ཚོགས་སམ་དེའི་རྒྱུན་ལས་རེད་མ་གཏོགས་ཚོགས་དྲུང་ལས་ཁུངས་དུས་ནམ་ཡང་མ་རེད། ཚོགས་དྲུང་ལས་ཁུངས་ནི་ཁྲིམས་དྲུང་ལས་ཁུངས་དང་བཀའ་དྲུང་ཡིག་ཚང་ལྟ་བུ་མང་གཙོའི་ཀ་བ་གསུམ་གྱི་ཞབས་ཞུ་སྒྲུབ་མཁན་གྱི་ལས་ཁུངས་ཤིག་རེད། སྤྱི་སྐབས་བཅུ་བདུན་དང་དེའི་རྒྱུན་ལས་ཚོགས་མ་ཐུབ་པར་ཚོགས་དྲུང་ལས་ཁུངས་སུ་ཡིག་ཆུང་བཏང་བ་ཙམ་གྱིས་འགྲིག་པ་གོ་བ་ལེན་ན་སྐོུ་སྲིད་སྐྱོང་མཆོག་ནས་སྔོན་རྩིས་སྒྲིག་གཞིར་རང་གི་འདོད་ཕྱོགས་ལྟར་གོ་བ་ལེན་ན་རྩ་བ་ཉིད་ནས་མི་འགྲིག དེ་ནི་འཛིན་སྐྱོང་ནས་ཁྲིམས་འགལ་སྒང་ལ་ཁྲིམས་འགལ་གྱི་ལས་དོན་བརྩམས་པར་ངོས་འཛིན་བྱེད་ཆོག མ་འོངས་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ནས་ཀྱང་དེ་ལྟ་བུའི་བར་བརྒལ་བཀའ་འཁྲོལ་རྩིས་འགྲོ་བཏང་ན་ཁྲིམས་འགལ་སྒང་ལ་ཁྲིམས་འགལ་ཆགས་ཉེན་ཡོད། དེ་ལྟར་མི་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད།
མདོར་ན། ཕྱོགས་ཚང་མས་རང་གི་ཞབས་བཏེགས་དང་ཁེངས་དྲེགས་སྤང་སྟེ་ད་ལྟའི་བོད་ཀྱི་རྩ་དོན་གཉན་ཕྲང་ཆེ་བའི་དུས་འདིར་གོམ་གང་མདུན་སྤོས་དང་གོམ་གང་རྒྱབ་བཤིག་རྒྱབ་སྟེ་མང་གཙོའི་ཀ་བ་གསུམ་སྲ་བཙུགས་ཐུབ་པ་ཞིག་བཟོ་དགོས་པའི་དུས་ལ་བབ་འདུག དེ་མིན་ཁྲིམས་ཞིབ་པ་གསུམ་པོ་དང་། སྤྱི་འཐུས་རྣམ་པ། བར་བརྒལ་ཚོགས་གཙོ། འོས་བསྡུའི་འགན་འཛིན། སྲིད་སྐྱོང་བཅས་ནས་ཁྲིམས་འགལ་སྒང་ལ་ཁྲིམས་འགལ་མང་དུ་ཆགས་ཉེན་འདུག་ན། དེ་དོན་༸གོང་ས་མཆོག་ལ་ཐུགས་སུན་མེད་པའི་ཐོག་ནས་འཕྲལ་ནས་མྱུར་དུ་དབུ་མའི་ཐབས་ལམ་ཞིག་འཚོལ་གནང་སྟེ་ཁ་ནང་གི་སྨ་ཁ་ནང་གསོ་གནང་ཅི་ནས་ཀྱང་ཡོང་བ་ཞུ།