གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དབུ་འབྱེད།
དེ་སྔ་ང་ཚོ་བོད་པའི་སྤྱི་ཚོགས་ནང་ཚོགས་པ་དེབ་སྐྱེལ་བྱུང་བ་ཚང་མ་སྤྱི་ཚོགས་བདེ་རྩ་དང་ཁེ་མེད་ཚོགས་པ་ཤ་སྟག་ཆགས་ཡོད་ཀྱང་། ད་རེས་ཀྱི་ཚོགས་པ་འདི་ཁེ་ཡོད་ཚོང་གི་ཚོགས་པ་ཐོག་མ་དེ་ཆགས་ཡོད་རེད་ཅེས་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་༡༧ ཉིན་དྷ་ས་གངས་སྐྱིད་བོད་མི་སྒྲིག་འཛུགས་བཀའ་ཤག་གི་ཚོགས་ཁང་དུ། སྲིད་སྐྱོང་བློ་བཟང་སེང་གེས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དབུ་འབྱེད་གནང་སོང་ཞིང་། སྐབས་དེར་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་དང་། དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ། ཌོག་ཊར་དཀོན་མཆོག་བརྩོན་འགྲུས། སྐུ་ཞབས་ཨ་ལོཀ་པཱར་ས་ཌི་བཅས་ཕེབས་འདུག
དེ་ཡང་ཐོག་མར་ཌོག་ཊར་དཀོན་མཆོག་བརྩོན་འགྲུས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ངོ་སྤྲོད་གནང་དོན་དུ། “ལོ་ཤས་ཀྱི་གོང་ནས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ། དངུལ་ཁང་ལྟ་བུའི་སྒྲིག་འཛུགས་ཤིག་ང་ཚོའི་སྤྱི་ཚོགས་ལ་དགོས་ཀྱི་འདུག་ཅེས་ལོ་གཉིས་ཙམ་རིང་དེའི་ཕྱིར་ལས་རིམ་འགྲོ་མུས་རེད། ལས་རིམ་དེའི་ནང་ནས་གལ་ཆེ་བ་ཞིག་ལ་སུད་ཚོང་བ་རྣམས་ལ་བུན་གཡར་བཏང་བ་ནས་གང་ལ་གང་འཚམ་ལེགས་གྲུབ་ཟིན་ཡོད། ཡིན་ན་ཡང་། དེ་ང་ཚོའི་སྔོན་འགྲོའི་ཚོད་ལྟའི་ལས་རིམ་གྱི་ཚུལ་དུ་ཕྱིན་པ་རེད། གལ་ཆེ་བ་དེ་བཙན་བྱོལ་གྱི་ནང་ལ་དཔལ་འབྱོར་དང་། ནོར་སྲིད་དང་འབྲེལ་བའི་འཛུགས་སྐྲུན་དང་ཞབས་ཞུ། དེ་ལས་གལ་ཆེ་བ་ཞིག་ལ་ནོར་སྲིད་དང་འབྲེལ་བའི་ཤེས་བྱ་དེ་ང་ཚོའི་སྤྱི་ཚོགས་ནང་དགོས་ཀྱི་འདུག་ཟེར་བའི་གནས་ཚུལ་དེ་ལོ་མང་པོའི་གོང་ནས་ཡོད་པ་ཞིག་རེད། དེའི་བརྒྱུད་རིམ་ནང་ལས་རིམ་ཆེན་པོ་ཁག་ཅིག་ཡོད་པ་ལས་གོམས་པ་དང་པོ་དེ་ཁྲིམས་ཐོག་ནས་དཔལ་འབྱོར་ཞབས་ཞུའི་ཚན་པ་འཛུགས་རྒྱུའི་བཀའ་ཁྲོལ་ཐོབ་རྒྱུ་དེ་ཡིན་སྟབས། རྒྱ་གར་དབུས་གཞུང་ཚོང་འབྲེལ་སྡེ་ཚན་ནས་བཀའ་འཁྲོལ་ཐོབ་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་།(Gangjong Development Finance Private Limited) ཞེས་ཚད་བཀག་ཡོད་པའི་ཚོང་ལས་ཁང་གི་མིང་ཐོག་ནས་དངུལ་གྱི་སྡེ་ཚན་ཞིག་བཙུགས་ཟིན་ནས་དེའི་འགན་འཛིན་ལྷན་ཚོགས་འདིར་ཕེབས་ཟིན་ཡོད། དེའི་ལས་རིམ་དེ་ད་ལོ་ནས་འགོ་འཛུགས་རྒྱུ་རེད། ལས་རིམ་འདིའི་ནང་བཙན་བྱོལ་སྤྱི་ཚོགས་ཀྱི་ཚོང་པ་ཆེ་ཆུང་ཁག་དང་། མི་དཀྱུས་མ་ཁག་རྒྱ་གར་ནང་གི་དཔལ་འབྱོར་ཞབས་ཞུའི་ནང་ལ་མ་ཚུད་པའི་གནས་སྟངས་མང་པོ་ཞིག་ཡོད་སྟབས། དཀའ་ངལ་དེ་སེལ་ཐབས་སུ་བཀའ་ཤག་གིས་ལྔ་དང་ལྔ་བཅུའི་སྲིད་ཇུས་ཀྱི་ཁོངས་ནས་དཔལ་འབྱོར་གྱི་སྒྲིག་འཛུགས་འཛུགས་རྒྱུ་དེ་ཐབས་ཇུས་གལ་ཆེ་ཤོས་ཤིག་ཡིན་པ་ལྟར། དེར་དངུལ་འབོར་མང་བའི་ལས་གཞི་རྒྱ་ཆེན་པོ་སྤེལ་བར་ད་དུང་རྒྱ་གར་གྱི་དངུལ་ཁང་ཆེན་པོ་ནས་ཆོག་མཆན་ཁ་ཤས་ཤིག་ཞུ་དགོས་ཀྱི་ཡོད། ཆོག་མཆན་དེ་དག་ཐོབ་ན་དངུལ་འབོར་དང་གང་ཅིའི་ཐོག་ནས་སྤྱི་ཚོགས་དང་སྒེར། ལྷག་པར་ཚོང་ལས་ཁག་ལ་ཕན་ཐོགས་ཡོང་བའི་ནུས་པ་བསྐྲུན་རྒྱུའི་ཆ་རྐྱེན་སྐྲུན་རྒྱུ་ཡིན། རིམ་པས་ཆོག་མཆན་ཐོབ་པ་དང་ལས་གཞི་ཁག་ཡོང་གི་རེད།”ཅེས་དང་། ལས་དོན་འདིར་ཨ་རིའི་རོགས་དངུལ་གྱི་རྒྱབ་སྐྱོར་ཡོད་པ་དང་། དེའི་ཐོག་མ་འཇོག་གང་འཚམ་བྱེད་ཐུབ་ཡོད་པ། དེ་བཞིན་མུ་མཐུད་ནས་མ་འཇོག་ཡག་པོ་བྱེད་ཐུབ་ན་དངུལ་ཁང་ལྟ་བུ་མ་ཡིན་པར། མ་འོངས་པར་དངུལ་ཁང་རང་གི་སྒྲིག་འཛུགས་ཤིག་ཆགས་ཐུབ་རེ་ཡོད་པ། དེ་བྱུང་ན་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་མི་ཚང་མར་ཕན་ཐོགས་ཆེན་པོ་སྒྲུབ་ཐུབ་པ་ཡོང་རྒྱུའི་རེ་བ་ཡོད་སྐོར་བཅས་གསུངས་སོང་།
དེ་རྗེས་སྲིད་སྐྱོང་བློ་བཟང་སེང་གེས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་འགན་འཛིན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་དང་། ཌོག་ཊར་དཀོན་མཆོག་བརྩོན་འགྲུས། སྐུ་ཞབས་ཨ་ལོཀ་པཱར་ས་ཌི་གསུམ་ལ་ཁ་བཏགས་སྒྲོན་རྗེས་གསུང་དོན་དུ་“བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ཁྲོད་ནས་དཔལ་འབྱོར་དང་འབྲེལ་བའི་འཆར་གཞིའི་ཐོག་གི་ལས་དོན་གལ་ཆེན་པོ་ཞིག་འགྲུབ་པ་དེར་སྙིང་ཐག་པ་ནས་དགའ་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན། དེའི་ཐོག་འགན་འཛིན་ལྷན་ཚོགས་དང་ལས་བྱེད་རྣམ་པས་ཕྱག་ལས་གནང་སྟེ། ང་ཚོའི་སྤྱི་ཚོགས་ནང་གི་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད་ལ། བཀའ་ཤག་གི་ངོས་ནས་ཀྱང་རྒྱབ་སྐྱོར་ཆ་ཚང་ཞུ་ཡི་ཡོད་ཅེས་ཞུ་རྒྱུ་ཡིན།” ཞེས་གསུངས་སོང་།
དེ་བཞིན་ཁོང་གིས། “ལྔ་དང་ལྔ་བཅུའི་འཆར་གཞི་ནང་ལ་བཀའ་ཤག་སྐབས་༡༤ དང་༡༥ པའི་ལྟ་གྲུབ་གསུམ་དེ་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་གསུམ་རེད། རང་ཁ་རང་གསོའི་ནང་ལ་གཞི་རྩའི་ཆོས་རིག་གཞུང་། སྐད་ཡིག ཤེས་ཡོན། གཞིས་ཆགས་སྲ་བརྟན་ཡོང་ཐབས་བཅས་ཚང་མ་འགྲོ་བཞིན་ཡོད་ཀྱང་། དེའི་ནང་ནས་གལ་ཆེ་ཤོས་ཅིག་དཔལ་འབྱོར་གྱི་ཐོག་ནས་འཕྲལ་ཕུགས་རྒྱང་གསུམ་ལ་རང་ཁ་རང་གསོ་ཡོང་དགོས་ཀྱི་འདུག་ཟེར་བཞིན་ཡོད་རེད། དེར་བརྟེན་བཀའ་ཤག་སྐབས་སྔ་མ་དང་ད་ལྟ་གཉིས་ཀས་བགྲོ་གླེང་དང་གྲོས་བསྡུར་རིམ་པ་བྱས་ཏེ་དཔལ་འབྱོར་གྱི་ཐོག་ནས་འཕྲལ་ཕུགས་རྒྱང་གསུམ་ལ་ཕན་པ་གཅིག་དེ་རིམ་པས་དངུལ་ཁང་ཞིག་བྱུང་ཐུབ་ན་ཡག་པོ་འདུག་ཅེས་བྱུང་བ་རེད།”ཅེས་དང་། བཀའ་བློན་རྣམ་པ་དང་སྲིད་སྐྱོང་སློབ་གྲྭ་དང་གཞིས་ཆགས་ཁག་ལ་བཅར་དུས་ཤེས་རིག་ལས་ཁུངས་ཀྱིས་གནང་བའི་སློབ་ཡོན་དེ་ཕན་ཐོགས་པོ་འདུག་དེ། ཕྲུ་གུར་སློབ་སྦྱོང་ཚད་མཐོན་པོ་བྱེད་འཇུག་རྒྱུའི་དམིགས་འདུན་ཡོད་སྟབས་སློབ་ཡོན་ཤུགས་ཆེན་པོ་སྤྲོད་དགོས་དུས། སློབ་ཡོན་གྱིས་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། དངུལ་ཁང་ལ་བུ་ལོན་གཡར་དུ་འགྲོ་དུས་ཡིག་ཆ་ཡོད་མེད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བརྗོད་མཁན་བྱུང་བ་དང་། དེ་བཞིན་ལ་ཧྥིང་འཚོང་མཁན་དང་ལམ་ཐོག་ཁྲོམ་སྟོན་མཁན། ཟ་ཁང་ཁག་བཅས་ཀྱིས་ཚོང་ལས་ཡར་རྒྱས་གཏོང་རྒྱུའི་དམིགས་འདུན་ཡོད་ཀྱང། དེའི་ཐོག་སློབ་གསོ་དང་ཟབ་སྦྱོང་མེད་པ་དང་། དཔལ་འབྱོར་གྱི་མཐུན་རྐྱེན་མེད་སྟབས་ཡར་རྒྱས་གཏོང་ཐུབ་ཀྱི་མེད་སྐོར་བརྗོད་མཁན་བྱུང་བའི་དབང་གིས་དེ་ལྟར་ལས་གཞི་འདི་འགོ་བརྩམས་པ་ཡིན་སྐོར་གསུངས་སོང་།
ཡང་ཁོང་གིས། བཙན་བྱོལ་གྱི་འཚོ་བའི་རྟེན་གཞི་གཙོ་བོ་སུད་ཚོང་ཡིན་པ་ལྟར། སུད་ཚོང་རྒྱག་མཁན་རྣམས་ལ་ཡང་ཕན་ཐོགས་ཐབས་བྱེད་དགོས་ཀྱི་འདུག་ཅེས་གོ་བསྡུར་རིམ་པ་བྱུང་མཐར། ན་ནིང་ལོར་འགོ་བཙུགས་ནས་སུད་ཚོང་རྒྱག་མཁན་༡༠༠༠ ལ་ཟླ་དྲུག་རིང་ཧིན་སྒོར་འབུམ་རེ་གཡར་ནས་སྐྱེད་ཀ་བརྒྱ་ཆ་གསུམ་ལས་མ་བླངས་ན། རྒྱ་གར་དངུལ་ཁང་ལ་སྐྱེད་ཀ་བརྒྱ་ཆ་༧ ནས་༡༥ བར་ཕུལ་དགོས་ཀྱི་ཡོད་སྟབས། དེས་ཕན་ཐོགས་རྒྱ་ཆེན་པོ་འབྱུང་ས་རེད་ཟེར་ནས། ན་ནིང་ནས་ལས་གཞི་དེ་འགོ་བརྩམས་པ་ཡིན་སྐོར་དང་། གཞུང་གིས་སུད་ཚོང་བ་རྣམས་ལ་ཡིད་ཆེས་བྱས་པ་བཞིན་ད་ལྟའི་ཆར་སུད་ཚོང་འཇུག་སྒྲིལ་མེད་ཀྱང་བུན་གཡར་གྱི་དངུལ་བརྒྱ་ཆ་༩༠ ལྷག་ད་ལྟ་ནས་ཚུར་སློག་ཟིན་སྐོར། ད་ཐེངས་དཔལ་འབྱོར་ཞབས་ཞུ་ཁང་གསར་དུ་བཙུགས་ནས་སུད་ཚོང་རྒྱག་མཁན་རྣམས་གཅིག་པུ་མིན་པར་ལམ་ཁའི་ཐོག་མོག་མོག་དང་། ལེ་ཧྥིང་ཚོང་མཁན་སོགས་ཚོང་པ་ཆུང་ཁག་རྣམས་ལ་ཡང་མ་རྩ་གཡར་རྒྱུའི་ལས་གཞི་གཉིས་པ་ཞིག་སྤེལ་ཏེ། ད་ལྟའི་ཆར་ཧིན་སྒོར་ས་ཡ་༢༠༠ གཡར་རྒྱུའི་འཆར་གཞི་འཐེན་གྱི་ཡོད་ཀྱང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གིས་ཚོང་ག་འདྲ་ཞིག་ལ་དངུལ་ག་ཚོད་གཡར་ན་ཕན་ཐོགས་འབྱུང་མིན་ཐད་ཞིབ་འཇུག་བྱས་རྗེས་དངོས་སུ་ཇི་ཙམ་ཞིག་གཡར་ཐུབ་མིན་ཐག་ཆོད་ཀྱི་ཡོད་པ་དང་། ན་ནིང་ལོར་ཧིན་སྒོར་ས་ཡ་༡༠༠ གཡར་རྒྱུའི་འཆར་གཞི་འཐེན་ཡང་དངོས་སུ་ས་ཡ་༩༠ ལྷག་ལས་གཡར་ཐུབ་པ་བྱུང་མེད་སྐོར། གཞན་ཡང་དངུལ་མི་སྒེར་ལ་གཡར་རྒྱུ་ཡིན་ཡང་ས་གནས་སོ་སོར་ཚོགས་པ་བཙུགས་ཏེ་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད། ཚོགས་པས་ཁག་ཐེག་ཡོད་པའི་ཐོག་ནས་དངུལ་གཡར་དགོས་པ་ལས། ཐད་ཀར་དཔལ་འབྱོར་ལས་ཁུངས་ལ་སྙན་ཞུ་ཕུལ་རྒྱུ་མེད་སྐོར། ཕྱི་ལོ་༢༠༡༩ དང་༢༠༢༠ ནང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་རིམ་པས་དངུལ་ཁང་རང་ཆགས་ཐུབ་པའི་རེ་བ་ཡོད་སྐོར་དང་། ད་ཐེངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་འཛུགས་ཐུབ་པ་དེ་འགན་འཛིན་ལྷན་ཚོགས་དང་ཕྱག་ལས་གནང་མཁན་ལས་བྱེད་རྣམས་ཀྱིས་སྐུ་ལས་བསྐྱོན་ནས་གྲུབ་འབྲས་ཡག་པོ་བྱུང་བ་ཡིན་སྟབས་དེར་བསྔགས་བརྗོད་ཡོད་སྐོར་བཅས་སོགས་གསུངས་སོང་།
མཇུག་ཏུ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ཀྱིས་“བཀའ་ཤག་རིམ་པས་དགོངས་པ་བཞེས་པ་དང་། ལྷག་པར་བཀའ་ཤག་གོང་མ་དང་དེའི་སྐབས་སུ་བོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་བཟོས་ན་རང་བཞིན་གྱིས་གཞན་རྟེན་གྱི་བསམ་བློ་ཉུང་དུ་འགྲོ་རྒྱུ་དང་། རང་ཁ་རང་གསོ་ཡོང་རྒྱུ་ཕན་དུས། རྒྱུ་མཚན་དེའི་ཐོག་ནས་འདས་པའི་དུས་ཡུན་གང་འཚམ་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དངོས་སུ་དེབ་སྐྱེལ་བྱུང་། འདི་ཡང་དེ་སྔ་ང་ཚོ་བོད་པའི་སྤྱི་ཚོགས་ནང་ཚོགས་པ་དེབ་སྐྱེལ་བྱུང་བ་ཚང་མ་སྤྱི་ཚོགས་བདེ་རྩ་དང་ཁེ་མེད་ཚོགས་པ་ཤ་སྟག་ཆགས་ཡོད་ཀྱང་། ད་རེས་ཀྱི་ཚོགས་པ་འདི་ཁེ་ཡོད་ཀྱི་ཚོགས་པ་དང་། གཞུག་མ་ཁྲལ་སྤྲད་ནས་ཚོང་རང་རྒྱག་བྱེད་ཀྱི་ཚོགས་པ་ཐེངས་མ་དང་པོར་དེབ་སྐྱེལ་བྱས་པ་ཡིན་སྟབས། དེ་བྱས་རྗེས་ཆེན་པོ་ཞིག་རེད་བསམ་གྱི་འདུག”ཅེས་དང་། དེ་བཞིན་ཁོང་གིས་“དེ་རིང་ང་ཚོ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་འཛོམས་ནས། སྔོན་འགྲོའི་ཐག་གཅོད་བྱེད་དགོས་པ་མང་པོ་ཞིག་བྱས་རྗེས། རིང་མིན་རྒྱ་གར་དབུས་དངུལ་ཁང་ཆེན་མོར་ལས་དོན་དངོས་སུ་བསྒྲུབ་རྒྱུ་དང་། དངུལ་དང་འབྲེལ་བའི་བཀའ་འཁྲོལ་ཞུ་དགོས་པ་ཚང་མ་ཞུས་ནས་གང་མགྱོགས་དངོས་སུ་དཔལ་འབྱོར་གྱི་སྡེ་ཚན་ངོ་མ་རང་འཛུག་རྒྱུར་འབད་བརྩོན་དང་གོམས་པ་སྤོ་རྒྱུའི་བསམ་བློ་གཏོང་བསྡད་ཡོད། དེའི་རྒྱབ་ལྗོངས་གཅིག་ག་རེ་རེད་ཟེར་ན། སྤྱི་ཚོགས་ཀྱི་དཔལ་འབྱོར་གྱི་གནས་བབས་ཡག་པོ་ཆགས་ནས་གཞན་རྟེན་བྱེད་མི་དགོས་པ་ཆགས་རྒྱུ་དང་། ལྷག་པར་དུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་བཙུགས་ནས། དེའི་ཚོང་གི་ཁེ་ཕན་གྱི་ཐོག་ནས་མ་འོངས་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གྱི་དངུལ་རྩིས་ལ་བརྒྱ་ཆ་ཕྲན་བུ་འབུལ་ཐུབ་རྒྱུར་ང་ཚོས་དམིགས་ཚད་འཛིན་གྱི་ཡོད་”ཅེས་སོགས་གསུངས་སོང་།
གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ཕྱི་ལོ་༢༠༡༧ ལོའི་ཟླ་༡༡ པའི་ཚེས་༡༧ ཉིན་དེབ་སྐྱེལ་བྱས་ཡོད་པ་དང་། དེ་རིང་ཕྱི་ལོ་༢༠༡༨ ལོའི་ཕྱི་ཟླ་དང་པོའི་ཚེས་༡༧ ཉིན་དངོས་སུ་དབུ་འབྱེད་བྱས་སོང་། །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
