གངས་ལྗོངས་བདེ་ཐང་ལྟེ་གནས་ཁང་སྒོ་འབྱེད།
ཟླ་འདིའི་ཚེས་༡༣ ཉིན་དྷ་ས་མེག་གྷན་དུ་གངས་ལྗོངས་བདེ་ཐང་ལྟེ་གནས་ཁང་ཞེས་པའི་སྐྲ་བཟོ་དང་ཕུར་མཉེད་ཁང་གསར་པ་ཞིག་དབུ་འཛུགས་གནང་ཡོད་པ་རེད།
ཉིན་དེའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་འཕར་ཚེ་དབང་སྒྲོལ་མས་དབུ་འབྱེད་གནང་བ་དང་། ཁོང་གིས་སྔོན་མ་ནས་ནང་སྲིད་ལས་ཁུངས་ནས་སྐྲ་བཟོ་སོགས་ལག་ཤས་རིགས་ཁག་ཅིག་ན་གཞོན་ཚོར་སློབ་སྦྱོང་སྤྲོད་ཀྱི་ཡོད་པས། ཐེངས་འདིར་དེའི་རིགས་ལ་ལས་ཀ་བྱེད་སའི་ལྟེ་གནས་ཁང་དེ་གསར་འཛུགས་བྱེད་ཐུབ་པ་ཡག་པོ་བྱུང་ཡོད་སྐོར་དང་། ལས་ཀའི་སྤུས་ཚད་དང་། དུས་ཚོད་གཏོང་ཐུབ་པ། རྒྱུན་གནས་ཡོང་ཐབས། མཐུན་རྐྱེན་སྐྲུན་ཐབས་སོགས་གལ་ཆེན་ཡིན་སྐོར་གསུངས་སོང་།
གངས་ལྗོངས་བདེ་ཐང་ལྟེ་གནས་ཁང་གི་འགན་འཛིན་ཚང་དབྱངས་རྒྱ་མཚོས། ལྟེ་གནས་ཁང་དེར་བོད་ཀྱི་གསོ་བ་རིག་པའི་ནང་གི་ཕུར་མཉེད་དང་དེང་དུས་ཀྱི་ཕུར་མཉེད་བྱེད་ས། སྐྲ་བཟོ་དང་མཛེས་བཟོ། རླངས་ཁྲུས་བྱེད་ས་བཅས་ཡོད་སྐོར། ནང་སྲིད་ལས་ཁུངས་དང་བོད་ཁྱིམ་སོགས་ནས་ལག་ཤེས་དེའི་རིགས་སློབ་སྤྲོད་ཀྱི་ཡོད་ནའང་། དངོས་སུ་ལས་ཀ་བྱེད་ས་མེད་པའི་དཀའ་ངལ་ཡོད་པ་དེར་ཕན་ཐོགས་ཡོད་སྐོར་ངོ་སྤྲོད་གནང་སོང་། །
གསར་འགོད་པ་ཆོས་ཉིད་འོད་ཟེར།