གཅན་གཟན་པགས་པ་ནག་ཚོང་རྒྱག་མཁན་བུད་མེད་ཅིག་རྒྱ་གར་གཞུང་གིས་འཛིན་བཟུང་།

རྒྱ་གར་ནང་གཅན་གཟན་གྱི་པགས་པའམ་རི་སྐྱེས་སྲོག་གི་དངོས་ཟོག་ཉོ་ཚོང་རིགས་བྱས་ཚེ་ནག་ཚོང་དང་ཁྲིམས་འགལ་ཡིན་པ་བརྟེན། རི་སྐྱེས་སྲོག་ཆགས་ཀྱི་པགས་པ་དང་རུས་པ་སོགས་ནག་ཚོག་རྒྱག་མཁན་(Yangchen Lachungpa)དབྱངས་ཅན་ལ་ཆུང་པ་ཞེས་པ་ཞིག་འཛིན་བཟུང་བྱས་ཡོད་འདུག

པར། NDTV

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༥ ཉིན་རྒྱ་གར་གྱི་གསར་ཁང་(NDTV)ནས་གནས་ཚུལ་གསལ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་མིག་དམར་ཉིན་རྒྱ་གར་གྱི་ཉེན་རྟོག་པས་ཧི་མ་ལ་ཡའི་ས་མཚམས་སུ་སྤེལ་བའི་ཛ་དྲག་གི་གསང་བའི་ལས་འགུལ་ཅིག་གི་ནང། (Madhya Pradesh)མངའ་སྡེའི་སྟག་སྲུང་མཁན་གྱི་དམག་མི་(STSF) དང་། རི་སྐྱེས་སྲོག་ཆགས་ནག་ཚོང་ཚོད་འཛིན་ལྷན་ཁང་(WCCB)སོགས་མཉམ་འབྲེལ་གྱིས་ཨེ་ཤི་ཡའི་ནང་གི་རི་སྐྱེས་སྲོག་ཆགས་ཀྱི་པགས་པ་ནག་ཚོང་རྒྱག་མཁན་གཙོ་བོ་ཞིག་ཡིན་པའི་(Yangchen Lachungpa)དབྱངས་ཅན་ལ་ཆུང་པ་ཞེས་པ་དེ་འཛིན་བཟུང་བྱས་ཡོད་འདུག
བུད་མེད་དེའི་སྐོར་ཟླ་བ་མང་པོའི་རིང་མྱུལ་ཞིབ་དང་། གསང་བའི་གནས་ཚུལ་བསྡུ་རུབ། དེ་བཞིན་ཧི་མ་ལ་ཡའི་གྲང་ངར་ཁྲོད་མཚན་མོའི་དམག་མི་ཡིས་ཐབས་ཤེས་མང་པོ་སྤེལ་བ་བརྒྱུད། རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ནས་སྤྱི་ལེ་ཁ་ཤས་ལས་མེད་པའི་(North Sikkim)སི་ཀིམ་གྱི་བྱང་ཕྱོགས་སུ་བུད་མེད་དབྱངས་ཅན་ལ་ཆུང་པ་ཞེས་པའི་ད་ལྟ་རང་ལོ་༤༣ ཡིན་པ་དེ་གཟའ་མིག་དམར་ཉིན་འཛིན་བཟུང་ཐུབ་ཡོད་སྐོར་གནས་ཚུལ་སྤེལ་འདུག
འཛིན་བཟུང་བྱེད་དུས་(Sikkim)མངའ་སྡེའི་ཉེན་རྟོག་པ་དང་ཤིང་ནགས་ལས་ཁུངས། ས་གནས་རྫོང་གི་ལས་བྱེད་སོགས་གནད་ཡོད་མི་མང་པོ་ཞིག་མཉམ་རུབ་ཐོག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག བུད་མེད་དེ་འཛིན་བཟུང་བྱས་རྗེས་སྒང་ཏོག་ཏུ་ཁྲིད་དེ་སྨན་ཁང་དུ་བརྟག་དཔྱད་བྱས་ནས་གཟའ་ལྷག་པའི་ཉིན་ཁྲིམས་ཁང་དུ་ཁྲིད་ཡོད་འདུག དེ་རྗེས་(Madhya Pradesh)ནང་ཁྲིད་ནས་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་གཅོད་རྒྱུ་ཡིན་འདུག
ཐེངས་འདིའི་འཛིན་བཟུང་དེ་རྒྱ་གར་ནང་གལ་འགངས་ཆེ་ཤོས་ཤིག་ལ་བརྩི་བཞིན་ཡོད་འདུག་ཅིང་། འདི་ནི་(Interpol) རྒྱལ་སྤྱིའི་ཉེན་རྟོག་ལྷན་ཚོགས་ཀྱིས་ཛ་དྲག་བརྡ་ཐོ་དམར་པོ་(Red Notice) ལ་བརྟེན་ནས། རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས་ཉོ་ཚོང་དང་འབྲེལ་བའི་ནག་ཉེས་ཅན་ཞིག་ཐད་ཀར་འཛིན་བཟུང་ཐུབ་པའི་གནད་དོན་ཉུང་ཤས་ཁྲོད་ཀྱི་གཅིག་ཡིན་འདུག་པ་དང་། བརྡ་ཐོ་དེ་ནི་ཟླ་བ་གཉིས་ཀྱི་གོང་ཕྱི་ཟླ་༡༠ ཚེས་༢ ཉིན་བཏང་བ་ཞིག་རེད་འདུག
དབྱངས་ཅན་ཟེར་བ་དེ་ལ་ཁ་མཆུ་ཐོག་མ་དེ་ཕྱི་ལོ་༢༠༡༥ ཟླ་༧ ཚེས་༡༣ ཉིན་མ་(Madhya Pradesh)ཤིང་ནགས་ལས་ཁུངས་ཀྱིས་(Satpura Tiger Reserve)ཞེས་པའི་སྟག་གི་གཅན་གཟན་ཁང་ཞིག་དང་འབྲེལ་ནས་རི་སྐྱེས་སྲོག་ཆགས་ཀྱི་ནག་ཉེས་གྱོད་གཞི་ཞིག་ཐོ་འགོད་བྱས་པ་ནས་འགོ་བཙུགས་ཡོད་འདུག་ཅིང་། སྐབས་དེ་དུས་(Jai Tamang)ཞེས་མི་ཞིག་འཛིན་བཟུང་བྱས་ཡོད་འདུག་པ་དང་། གཞུང་གིས་མི་དེའི་ཚོང་རྫས་དངོས་པོ་མང་པོ་ཞིག་གཞུང་བཞེས་བཏང་བའི་ནང་སྟག་གི་པགས་པ་དང་། སྟག་གི་རུས་པ་བཞི། སྟག་གི་རུས་པའི་སྣུམ། དེ་བཞིན་གྲུམ་པའི་(pangolin)པགས་པ་སོགས་ཡོད་འདུག མི་དེ་ཕྱི་ལོ་༢༠༡༥ ཟླ་༡༠ པར་འཛིན་བཟུང་བྱས་ཡོད་འདུག་པ་དང་། མི་དེ་ཡིས་ནག་ཉེས་ངོས་ལེན་ཞུས་ནས། ཁོས་དབྱངས་ཅན་ལ་རི་སྐྱེས་སྲོག་ཆགས་ཀྱི་ནག་ཚོང་རྒྱུ་ཆ་མཁོ་སྤྲོད་བྱས་པ་དང་། མོས་ཁོ་ལ་གབ་ཡིབ་བྱེད་ས་ས་ཆ་སྤྲད་ཡོད་ཚུལ། བུད་མེད་ནི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས་ནག་ཚོང་རྒྱག་མཁན་གཙོ་བོ་ཞིག་ཡིན་པའི་སྐོར་གཞུང་ལ་གནས་ཚུལ་མཁོ་སྤྲོད་བྱས་ཡོད་འདུག
གྱོད་གཞི་དེའི་ནང་མི་ཁྱོན་༣༦ གི་མིང་འཁོད་ཡོད་པ་ལས། མི་༢༧ ལ་ཕྱི་ལོ་༢༠༢༢ ཟླ་༡༢ (Narmadapuram)ཞེས་པའི་(Madhya Pradesh)མངའ་སྡེའི་ཁྲིམས་ཁང་གིས་ཉེས་ཆད་བཅད་ཟིན་ཡོད་འདུག འོན་ཀྱང་དབྱངས་ཅན་ལ་ཁྲིམས་གཅོད་བྱ་རྒྱུ་ལྷག་ཡོད་ཅིང་། རྒྱུ་མཚན་ནི་མོ་རང་ཕྱི་ལོ་༢༠༡༧ ཟླ་༩ པར་(STSF) མངའ་སྡེའི་སྟག་སྲུང་མཁན་དམག་མི་ཡིས་དུས་ཐུང་རིང་འཛིན་བཟུང་བྱས་རྗེས་བྲོས་བྱོལ་དུ་ཕྱིན་ཡོད་འདུག ཕྱི་ལོ་༢༠༡༩ ཟླ་༧ ཚེས་༢༩ ཉིན་མོ་འཛིན་བཟུང་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག་ཀྱང། མོ་མུ་མཐུད་གབ་ནས་བསྡད་པ་དང་རྒྱལ་སྤྱིའི་འབྲེལ་བ་ཡོད་པའི་དོགས་གཞི་ལ་བརྟེན། རི་སྐྱེས་སྲོག་ཆགས་ཉེས་དོན་ཚོད་འཛིན་ལྷན་ཁང་(WCCB) གིས་རྒྱལ་སྤྱིའི་ཉེན་རྟོག་ལྷན་ཁང་གིས་བརྡ་ཐོ་དམར་པོ་(Interpol Red Notice)བཏང་དགོས་བྱུང་བ་དང་། དེ་ལ་བརྟེན་ནས་མཐའ་མར་མོ་རང་འཛིན་བཟུང་ཐུབ་པ་བྱུང་ཡོད་པ་སྐོར་བརྗོད་འདུག
ཞིབ་འཇུག་པ་ཚོས་བརྗོད་དོན་ལྟར་ན། དབྱངས་ཅན་ནི་རྒྱལ་ཁབ་ཕན་ཚུན་བར་ནག་ཚོང་གི་འབྲེལ་མཐུད་བྱེད་མཁན་གཙོ་བོ་ཞིག་ཡིན་པ་དང་། ཚོང་ཟོག་ནང་སྟག་གི་ཐོན་རྫས་པགས་པ་དང་རུས། གྲུམ་པའི་པགས་པ་། ཙན་དན་དམར་པོ་སོགས་རིན་ཐང་ཆེ་བའི་ཅ་དངོས་མང་པོ་ཡོད་འདུག མོའི་ནག་ཚོང་དེ་བལ་ཡུལ་དང་། བོད། འབྲུག་ཡུལ་བཅས་སུ་ཁྱབ་ཡོད་པ་མ་ཟད། རྒྱ་གར་ནང་ལྡི་ལི་དང་། སི་ལི་གུ་རི། སྒང་ཏོག ཀོལ་ཀ་ཏ། ཀན་པུར། ཨི་ཏར་སི། ཧོ་ཤང་ག་བྷད་བཅས་སུ་ཁྱབ་ཡོད་འདུག ཉམས་ཞིབ་པ་ཚོས་བརྗོད་པར་མོའི་མིང་དེ་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་གཞུང་བཞེས་ཀྱི་གནད་དོན་མང་པོའི་ནང་ཐོན་ཡོད་པ་བརྗོད་འདུག
ཕྱི་ལོ་༢༠༡༥ ལོར་ཨི་ཐི་ཨོ་པི་ཡ་(Ethiopia)གཞུང་གིས་རྒྱ་གར་གྱི་སྟག་གི་པགས་པ་༨ གཞུང་བཞེས་བཏང་བའི་ནང་ནས་ཉུང་མཐར་༣ ནི་ས་ཐི་པུ་ར་(Satpura)ཟེར་བའི་(Gujarat)ཡི་ས་ཆ་ཞིག་ནས་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་འདུག ཕྱི་ལོ་༢༠༡༣ ལོར་བལ་ཡུལ་ཉེན་རྟོག་པས་བོད་དུ་ནག་ཚོང་རྒྱག་རྒྱུའི་སྟག་གི་པགས་པ་༥ དང་རུས་པའི་ཕད་གོག་༧ བཟུང་བའི་ནང་ནས་གཅིག་གི་(DNA) རིགས་རྫས་ལ་བརྟག་དཔྱད་བྱས་རྗེས་(Pench Tiger Reserve)ཟེར་བའི་རྒྱ་གར་དབུས་མངའ་སྡེ་(Madhya Pradesh)དང་(maharashtra)གཉིས་བར་ཡོད་པའི་སྟག་གི་གཅན་གཟན་ཁང་ནས་ཡིན་པའི་སྟག་མོའི་མིང་ལ་(T-13)ཞེས་པ་དེ་ཡིན་པ་ར་སྤྲོད་བྱུང་ཡོད་འདུག
རྒྱ་གར་གཞུང་གིས་དོགས་པ་བྱེད་གསལ་ལྟར་ན། ནག་ཚོང་དྲ་རྒྱ་དེའི་དངུལ་གྱི་འགྲོ་སོང་ནི་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་དང་། སི་ལི་གུ་རི། དེ་བཞིན་ས་མཚམས་ཀྱི་གྲོང་གསེབ་ཁག་བརྒྱུད་ནས་གཏོང་གི་ཡོད་པ་དང་། རི་སྐྱེས་སྲོག་ཆགས་ཀྱི་ཅ་དངོས་རྣམས་(Satpura, Pench, Betul, Tamia)ས་ཆ་བཅས་སུ་སྦས་སྐུང་བྱེད་ཀྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོདའདུག ད་ལྟ་ཁོ་ཚོས་འཛིན་བཟུང་སྐབས་རྙེད་པའི་གསང་བའི་བརྡ་རྟགས་ཅན་གྱི་འབྲེལ་མཐུད་ཡིག་ཆ་དང་། ཉིན་ཐོ་སོགས་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། དེ་དག་བརྒྱུད་ནས་ནག་ཚོང་དྲ་རྒྱ་དེའི་རྒྱབ་ཀྱི་དཔལ་འབྱོར་མཁོ་སྤྲོད་པ་དང་། རྔོན་པའི་ཚོགས་པ། རྒྱལ་སྤྱིའི་ཉོ་མཁན་བཅས་རྟོགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་འདུག
དེ་བཞིན་དབྱངས་ཅན་འཛིན་བཟུང་བྱས་པ་དེ་ནི་དུས་ཡུན་རིང་པོ་ནས་འཚོལ་ཞིབ་བྱས་པའི་རི་སྐྱེས་སྲོག་ཆགས་ཀྱི་དངོས་ཟོག་ནག་ཚོང་རྒྱག་མཁན་ཉེས་ཅན་པ་གཙོ་བོ་ཞིག་ངོས་འཛིན་བྱས་ཐུབ་ཡོད་པ་བརྟེན། མོར་འདྲི་རྩད་བྱས་པ་བརྒྱུད་ནས་ནག་ཚོང་གི་འབྱུང་ཁུངས་དང་འབྲེལ་བ་ཚང་མ་ཤེས་རྟོགས་ཐུབ་རྒྱུ་དང་། མངའ་སྡེ་དང་རྒྱལ་ཁབ་མང་པོའི་ནང་དོགས་ཡོད་པའི་མི་སྣ་གཞན་རྣམས་འཛིན་བཟུང་ཐུབ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།