གཅིག་སྡུད་དབང་བསྒྱུར་གྱི་ཆེད་རེད།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༧༢)
ཤེས་ཡོན་དང་དཔལ་འབྱོར་གྱི་སྒྲིག་འཛུགས་གང་ཡིན་ཡང་འགོ་འཁྲིད་མཁན་རྣམས་ཀྱིས་མགོ་ཡག་པོ་ཁྲིད། གཤམ་དུ་ལས་ཀ་བྱེད་མཁན་རྣམས་ཀྱི་ངོས་ནས་ལས་དོན་ལ་ཧུར་ཐག་བྱེད་དགོས་པ་ནི་གྲུབ་འབྲས་མངོན་གསལ་དུ་ཐོན་ཐུབ་པའི་ཆ་རྐྱེན་གལ་ཆེ་ཤོས་དེ་རེད། འོན་ཀྱང་གནད་དོན་མི་འདྲ་བ་ལ་བརྟེན་ནས་ཐག་གཅོད་ཀྱང་མི་འདྲ་བ་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། དཔེར་ན་ལས་བྱེད་དམ་དགེ་རྒན་ཞིག་གནས་སྤོས་གཏོང་བའི་སྐབས་སུ་ཐོག་མ་འབྲེལ་ཡོད་ལས་བྱེད་དང་དགེ་རྒན་དེ་དག་ལ་སྒེར་ངོས་ནས་དམིགས་བསལ་དཀའ་ངལ་ཡོད་མེད་ལ་དགོངས་བཞེས་ངེས་པར་དུ་བྱེད་དགོས་པ་ལས། དམིགས་བསལ་དཀའ་ངལ་ལ་དོ་སྣང་དང་བསམ་ཤེས་གཏན་ནས་མ་བྱས་ན་འཛིན་སྐྱོང་གི་འགན་ཁུར་བ་ཡག་པོ་ཞིག་གཏན་ནས་མ་རེད། དེར་བརྟེན་འཛིན་སྐྱོང་གི་ལས་དོན་བྱེད་མཁན་ཚང་མས་གནད་དོན་དེ་ལ་དགོངས་པ་མ་བཞེས་པར་རྒྱུག་པ་ལེབ་རྡུང་བྱས་ན་མི་སྒེར་དང་སྤྱི་པའི་ལས་དོན་ཐོག་འཐུས་ཤོར་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད།
ཉེ་ཆར་དཔེ་སྟོན་སློབ་གྲྭའི་ཟློས་གར་དགེ་རྒན་ཞིག་གནས་སྤོས་བཏང་བའི་གནས་ཚུལ་དོ་བདག་གིས་གསལ་བཤད་བྱས་པ་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་འདུག་པ་བཞིན། དོན་དངོས་སུ་འབྲེལ་ཡོད་དགེ་རྒན་དེས་གསུངས་པ་བཞིན་ཧར་པ་པུར་ས་གནས་ཀྱི་སློབ་གྲྭ་ནི་འཛིན་གྲྭ་དང་པོ་ནས་འཛིན་གྲྭ་བཅུ་གཉིས་བར་ཡོད་པ་ཞིག་ཡིན་ཡང་། འབྲེལ་ཡོད་དགེ་རྒན་དེས་བཤད་པ་བཞིན་ས་གནས་སུ་བུ་བཅོལ་ཁང་མེད་པ་དང་། སྔོན་འགྲོའི་སློབ་གྲྭ་ཡང་མེད་པ། ཉིན་གུང་གི་ཁ་ལག་ཀྱང་དགེ་རྒན་དང་ལས་བྱེད་ཚང་མར་མེད་པ་མ་ཟད། ཉིན་སློབ་ཏུ་ཡོང་བའི་སློབ་ཕྲུག་རྣམས་ལའང་ཉིན་གུང་ཁ་ལག་མེད་པ་བཅས་མཐུན་རྐྱེན་གྱི་ཐོག་ནས་སློབ་གྲྭ་གཞན་དང་མི་འདྲ་བའི་དཀའ་ངལ་ཡོད་འདུག་པ་དང་། དགེ་རྒན་རྣམས་ལ་ལས་ཤག་ཀྱང་འདང་ངེས་ཤིག་མེད་པར་ཁང་པ་གླས་ནས་སྡོད་དགོས་པ་སོགས་ཀྱི་གནས་ཚུལ་ཡོད་འདུག སྤྱིར་དགེ་རྒན་ལས་བྱེད་ཕོ་རྐྱང་ཕོ་རྐྱང་དག་ལ་མཚོན་ན་དཀའ་ངལ་མེད་ཀྱང་། བུ་ཕྲུག་ཧ་ཅང་ཆུང་ཆུང་ཡིན་པའི་ཁོང་གིས་དཀའ་ངལ་བརྗོད་པ་དེ་དངོས་བདེན་རེད་འདུག
གོང་གི་གནད་དོན་དེ་དཔེ་མཚོན་ཙམ་ཡིན་པ་ལས། འདི་དང་འདྲ་བའི་གནས་ཚུལ་མང་དག་ཅིག་ཡོད་པ་དག་ལ་བསམ་ཤེས་དང་རྟོག་ཞིབ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དཔེར་ན་ལས་བྱེད་པའི་ནང་ནས་གནས་རིམ་མཐོ་ཤོས་དྲུང་ཆེ་ལ་མཚོན་ན་བཀའ་ཤག་གིས་གང་དུ་གནས་སྤོས་བྱས་ཀྱང་མ་སོང་ཐབས་མེད་མིན་ཚོད་འདུག་ལ། ལོ་གཅིག་གཉིས་ཀྱི་ནང་དྲུང་ཆེ་ཞིག་ལྡི་ལི་དོན་གཅོད་དུ་བསྐོ་གཞག་བྱ་རྒྱུའི་སྐད་ཆ་བྱུང་ཡང་འབྲེལ་ཡོད་དྲུང་ཆེ་དེས་ཁས་ལེན་མ་བྱས་པ་དང་། དྲུང་ཆེ་གཞན་ཞིག་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེར་གཏོང་འཆར་ཡོད་པ་དོ་བདག་གིས་ཁས་ལེན་མ་བྱས་པ། ཁྲིམས་ཞིབ་ཁང་གི་དྲུང་ཆེ་བཀའ་ཤག་གི་ཆབ་སྲིད་དྲུང་ཆེར་གནས་སྤོས་བྱས་རྗེས། ཁྲིམས་དྲུང་དུ་དྲུང་ཆེའི་གནས་རིམ་ཅན་ཁག་ཅིག་གནས་སྤོས་བྱ་འཆར་བྱས་ཀྱང་ཕལ་ཆེ་བས་ཁས་ལེན་མ་བྱས་པའི་གནས་ཚུལ་གངས་སྐྱིད་དུ་ཡོངས་གྲགས་ཆགས་ཡོད་པས། དགེ་རྒན་དང་ལས་བྱེད་དཀྱུས་མ་ཙམ་ལས་གནས་རིམ་མཐོ་བ་རྣམས་གནས་སྤོས་བྱ་རྒྱུར་དོ་བདག་གི་འདོད་མོས་དང་བསྟུན་གྱི་ཡོད་འདུག
ལས་རིགས་གང་ཞིག་ལ་ཤེས་ཡོན་ཡོད་པ་ཙམ་དུ་མ་ཟད་དབྱིངས་དང་དོ་སྣང་བཅས་ཡོད་མཁན་དག་ལས་གནས་དེར་གནས་ཐུབ་པར་འབད་བརྩོན་བྱེད་དགོས་པ་ལས། ལོ་གང་ཡང་རུང་བ་ཞིག་གི་མཚམས་སུ་གནས་སྤོས་བྱ་རྒྱུའི་ལམ་ལུགས་ཙམ་ཡོངས་ཁྱབ་ཀྱིས་ལག་བསྟར་བྱས་པ་དོན་དང་མཐུན་པའི་ཐབས་ལམ་ཞིག་གཏན་ནས་མིན། ལྷག་པར་དུ་ཁྱོ་ག་ཉེ་འགྲམ་དུ་མེད་ཅིང་ལོ་གཅིག་མ་ཟིན་ཙམ་གྱི་ཕྲུ་གུ་ཡོད་མཁན་གྱི་བུད་མེད་ལས་བྱེད་དང་། བུད་མེད་དགེ་རྒན་རྣམས་ལ་བསམ་ཤེས་དང་ལྟ་སྐྱོང་དགོས་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དང་། བུད་མེད་ཀྱི་ཐོབ་ཐང་སྐོར་ལ་སྤྱི་ཚོགས་ནང་གླེང་སློང་ཆེན་པོ་ཡོད་པའི་སྐབས་ཤིག་ཡིན་ནའང་། གནད་དོན་འདི་ལྟ་བུའི་སྐོར་ནས་འགོ་བཙུགས་ཏེ་གོ་སྐབས་བསྐྲུན་དགོས་པ་ལས། ས་གནས་སུ་ཕྲུ་གུ་ལྟ་སྐྱོང་གི་ཁོར་ཡུག་གཏན་ནས་མེད་པ་ཤེས་བཞིན་དུ་ལས་གནས་ནས་མ་ཐོན་ཐབས་མེད་བཟོས་པ་འདི་ལྟ་བུས་ཨ་མ་དང་ཕྲུ་གུའི་འཚར་ལོངས་ལ་བསམ་ཤེས་གཏན་ནས་མ་བྱས་པ་རེད།
མདོར་ན་ལས་ཀའི་ཁོར་ཡུག་གུ་ཡངས་པོ་དང་། དགེ་རྒན་དང་ལས་བྱེད་རྣམས་ལ་གནས་དུས་ལ་དཔག་པའི་མཐུན་རྐྱེན་དགོས་པ་ལས། གནས་སྟངས་སྐྱོ་བའི་སྐབས་སེམས་ཤུགས་ཅན་མང་པོ་ཡོད་ཚུལ་བརྗོད་པ་ཙམ་གྱིས་ཕན་ཐོགས་ཆེན་པོ་མེད། སྒྲིག་གཞི་དང་ལམ་ལུགས་དེ་ཚོ་ཡང་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་དང་འཐུས་ཚང་ཡོང་བའི་ཆེད་ཡིན་པ་ལས། བླང་དོར་དང་འགན་ཁུར་གང་ཡང་མི་དགོས་པར་ཚང་མ་སྒྲིག་གཞི་ཁོ་ན་ལ་ཁ་གཡར་ན་ལག་པ་འཕྱི་ས་ཙམ་རེད། ད་ལན་གྱི་དཔེ་མཚོན་དེའི་ཐོག་ནས་བཤད་ནའང་སྤུ་རུ་ཝ་ལ་ས་སྐྱ་གཞིས་ཆགས་སུ་བཏང་ན་ཕྲུ་གུ་ལ་ཁོར་ཡུག་ཡོད་ཀྱང་དོ་བདག་གི་འདོད་མོས་བཞིན་བསམ་ཤེས་མ་བྱས་པ་ནི། འབྲེལ་ཡོད་སཾ་བྷོ་ཊའི་སྤྱི་ཁྱབ་ཡིག་ཚང་ངམ། ཤེས་རིག་ལས་ཁུངས་ནས་ཁྲལ་འཁྱོལ་ཙམ་ལས་གནད་དོན་དངོས་ལ་དགོངས་པ་མ་བཞེས་པ་རེད། བྱེད་སྟངས་འདིའི་ཐོག་ནས་མཐོང་ཐུབ་པ་ནི། འབྲེལ་ཡོད་འགན་ཁུར་བ་དག་གིས་བཀའ་གང་བཏང་ཡོང་ཐབས་ལས་གཤམ་གྱི་དགེ་ལས་རྣམས་ཀྱི་བདེ་སྡུག་གལ་ཆེར་མ་བརྩིས་པ་མིན་ནམ།།