གཏེར་ཁ་སྔོགས་འདོན་བཀག་འགོག་བྱེད་མཁན་འཇུ་བཟུང་བཀག་ཉར།
འདི་ལོའི་ཕྱི་ཟླ་༤ པའི་ནང་ཁམས་ཆབ་མདོ། གོ་འཇོ་རྫོང་ཨ་དབོང་གྲོང་ཚོ་ཁག་ལྔ་མཉམ་རུབ་ཐོག་ནས་ས་ཁུལ་དེའི་ནང་རྒྱ་གཞུང་གིས་གཏེར་ཁ་སྔོགས་འདོན་གྱི་ལས་གཞི་སྤེལ་འཆར་ལ་ངོ་རྒོལ་བྱས་པར་བརྟེན། མི་མང་ཁག་ཅིག་འཛིན་བཟུང་བཀག་ཉར་དང་ཁག་ཅིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡ ཉིན་དྷ་སར་གནས་སྡོད་ལམ་བཟང་གིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། སྔར་ལོ་བོད་རང་སྐྱོང་ལྗོངས། ཆབ་མདོ་ཁུལ། གོ་འཇོ་རྫོང་ཨ་དབོང་གྲོང་ཚོ་ཡུལ་གྱི་གནས་རི་མི་ནི་ཞེས་པ་ཞིག་ཡོད་པ་དེར་རྒྱ་གཞུང་གིས་གཏེར་ཁ་སྔོགས་འདོན་གྱི་ལས་གཞི་སྤེལ་འཆར་ཡོད་པར་བརྟེན། མི་མང་གིས་མི་ནི་རི་ནི་ཡུལ་དེའི་གནས་རི་རྩ་ཆེན་ཞིག་ཡིན་པས་གཏེར་ཁ་སྔོགས་འདོན་བྱས་ན་འགྲིག་ཐབས་མེད་པའི་རེ་སྐུལ་ཞུས་པ་དང་། ངོ་རྒོལ་བྱས་པར་བརྟེན་བཀག་འགོག་བྱེད་ཐུབ་ཡོད་འདུག་ཀྱང་། འདི་ལོར་ཡུལ་དེའི་ས་གནས་སྲིད་གཞུང་གིས་ཡུལ་དེའི་ནང་ཆུ་ཚན་ཞིག་ཡོད་པ་དེར་ཆུ་རག་བརྒྱབ་ནས་དཔལ་འབྱོར་གྱི་ཡོང་ཁུངས་ཤིག་བཟོ་རྒྱུ་ཡིན་པ་དང་། དེ་ནས་བྱུང་བའི་དཔལ་འབྱོར་རྣམས་ཡུལ་མིར་སྤྲོད་རྒྱུ་ཡིན་ཚུལ་བརྗོད་ཡོད་པར་བརྟེན་མི་མང་ཚོས་ངོས་ལེན་བྱས་ཡོད་འདུག
འདི་ལོའི་ཕྱི་ཟླ་༤ པའི་ཚེས་ཚེས་འགོ་ཙམ་ནས་སླར་ཡར་གཏེར་ཁ་སྔོགས་འདོན་གྱི་དམིགས་ཡུལ་བཟུང་ནས་ཡུལ་དེའི་དབུས་སུ་ཡོད་པའི་གནས་རི་དེར་ལམ་ཁ་བཟོ་རྒྱུའི་འཆར་གཞི་བཏིང་བར་བརྟེན། མི་མང་གི་འཐུས་མི་བཅུ་ཙམ་གྱིས་ཡུལ་ཚོའི་སྲིད་གཞུང་ལ་ཞུ་གཏུག་བྱས་པར་སྲིད་གཞུང་གིས་རྫོང་དཔོན་གྱི་བཀའ་ཡིན་པས་ཁྱེད་ཚོ་ཁ་བཙུམ་ནས་སྡོད། དངུལ་དགོས་ཚེ་ག་ཚོད་དགོས་ཀྱང་སྤྲད་ཆོག་གི་རེད་ཟེར་བར། མི་མང་འཐུས་མི་ཚོས་ང་ཚོར་དངུལ་མི་དགོས། ང་ཚོའི་ས་ལ་ལག་པ་འཆང་མི་ཆོག་ཅེས་ངོས་ལེན་མ་བྱས་པར་བརྟེན། ཉེན་རྟོགས་པ་ཡོང་ནས་མི་མང་གི་འཐུས་མི་རྣམས་འཛིན་བཟུང་བྱས་ཡོད་འདུག ལམ་ཁ་བཟོ་རྒྱུ་ལས་འཆར་དངོས་སུ་འགོ་འཛུགས་བྱས་ཡོད་འདུག་པས། མི་མང་ཚོས་ངོ་རྒོལ་བྱས་ནས་དམག་མི་དང་མི་མང་དབར་ཁྲུག་འཛིང་ཤོར་ནས་བོད་མི་མང་པོར་རྨས་སྐྱོན་ཕོག་ཡོད་འདུག་པ་དང་། སྐབས་དེར་རྨས་སྐྱོན་ཕོག་པའི་མི་མང་རྣམས་ལ་སྲིད་གཞུང་གི་སྨན་ཁང་ནས་བདག་པོ་མ་བརྒྱབ་པས། སྒེར་གྱི་སྨན་པ་ཁག་གཅིག་ལ་སྨན་བཅོས་བསྟེན་དགོས་བྱུང་བ་སོགས་ཀྱི་དཀའ་ངལ་འཕྲད་ཡོད་འདུག
གནས་ཚུལ་དེ་དག་བྱུང་རྗེས་ལྷ་སར་ཡོད་པའི་གོ་འཇོ་བའི་ཚོང་པ་འགའ་ཞིག་གིས་ལྷ་སའི་ཆམ་མདོའི་དོན་གཅོད་ལ་ཞུ་གཏུག་གིས་གལ་སྲིད་མི་མང་གི་ཞུ་གཏུག་ལ་མ་ཉན་པར་མུ་མཐུད་ནས་གཏེར་ཁ་སྔོགས་འདོན་ཆེད་ལམ་ཁ་བཟོ་བ་སོགས་བྱས་ཚེ། རྒྱ་ནག་དབུས་གཞུང་ལ་ཞུ་གཏུག་བྱ་རྒྱུ་ཡིན་ཚུལ་བརྗོད་པས་ད་ཆ་ལམ་ཁ་བཟོ་རྒྱུ་མཚམས་འཇོག་བྱས་ཡོད་འདུག་ཀྱང་། ད་ལྟ་འཇུ་བཟུང་བྱས་པ་རྣམས་ཀྱི་གནས་སྟངས་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
