གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་དང་ཁྲོམ་སྐོར།
ཟླ་འདིའི་ཚེས་༡༨ ཉིན་གྱི་དགོང་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞོན་ལྷན་དང་བུད་མེད་ལྷན་ཚོགས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཞབས་ཞུ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་གཞུང་གི་བཙོན་ཁང་སྐུ་བཀྲོངས་ཡོད་པར་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་བྱས་ཡོད་པ་རེད།
ལས་འགུལ་ཐོག་དགའ་འབྲས་གཉིས་ཀྱི་བླ་སྤྲུལ་དགེ་བཤེས་རྣམ་གྱི་གཙོས་དགེ་འདུན་པ་ཡོངས་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་རྣམ་པ། དེ་བཞིན་མོན་གྷོ་ས་གནས་གཞིས་གྲོང་ཁག་བཅུའི་མི་མང་དང་སློབ་གྲྭ་ཁག་གི་སློབ་ཕྲུག་ བཅས་སེར་སྐྱ་མི་མང་བདུན་སྟོང་ཙམ་མཉམ་ཞུགས་བྱས་ཡོད་པ་རེད།
དེ་ཡང་ཐོག་མར་མོན་གྷོ་གཞོན་ལྷན་ཚོགས་གཙོ་པ་སངས་ཚེ་རིང་གིས་ལས་འགུལ་སྤེལ་དགོས་དོན་གཙོ་བོ་རྒྱ་གཞུང་གི་བཙོན་འོག་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་བཀྲོངས་པར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དང་ང་ཚོ་བོད་མི་རིགས་བསྟན་སྲིད་དང་བཅས་པར་ཞབས་འདེགས་སྒྲུབ་ཐུབ་མཁན་རླབས་ཆེན་གྱི་མི་སྣ་དེ་ཚོ་གཅིག་གཅིག་གཉིས་གཉིས་བྱས་ནས་རྒྱ་ནག་གཞུང་གིས་ངན་ཁག་སྣ་ཚོགས་དཀྲིས་ནས་རྩ་མེད་བཟོ་བཞིན་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་ཅེས་བརྡ་ལན་སྤྲོད་ཀྱི་ཡོད་ལ། གནད་དོན་འདི་དག་ང་ཚོའི་མི་རབས་ནས་མི་རབས་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་སོགས་བརྗོད་སོང་།
དེ་ནས་རིན་པོ་ཆེའི་ཞབས་ཞུ་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཡོན་ཏན་གྱིས་རིན་པོ་ཆེ་རྒྱ་གཞུང་གིས་མ་ཉེས་ཁག་གཡོག་གི་ཉེས་མེད་བཙོན་འཇུག་བྱས་པ་ཡིན་སྐོར་དང་ཉེ་ཆར་རྒྱ་གཞུང་གིས་རིན་པོ་ཆེ་ལ་དུག་སྤྲད་ནས་སྐུ་བཀྲོངས་ཡོད་པ་དང་། ད་ལྟའི་ཆར་རིན་པོ་ཆེའི་སྐུ་ཕུང་ཙམ་ཡང་རྩིས་སྤྲོད་བྱས་མེད་པ་མ་ཟད་རིན་པོ་ཆེའི་སྐུ་ཕུང་རྩིས་སྤྲོད་གནང་རོགས་ཞེས་ཞུ་གཏུག་རྒྱག་མཁན་ཚོར་དྲག་གནོན་ཚད་མེད་བྱས་ཡོད་སྐོར་སོགས་མི་མང་ལ་ངོ་སྤྲོད་གནང་སོང་།
དེ་ནས་མོན་གྷོ་ས་གནས་འགོ་འཛིན་གྱི་སྐུ་ཚབ་ལས་དྲུང་རྒྱ་མཚོས་ལས་འགུལ་དང་འབྲེལ་གཏམ་བཤད་གྲུབ་པ་དང་མོན་གྷོ་ས་གནས་རང་བདེན་ཚོགས་གཙོ་སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན་གྱིས་རིན་པོ་ཆེས་མི་མང་ལ་གནང་བའི་གསུང་རྩོམ་སྒྲོགས་སྦྱང་དང་འབྲེལ་གསུང་དོན། ང་ཚོའི་ངེས་པར་དུ་ཤེས་དགོས་པ་ཞིག་ལ་རྒྱལ་ཁབ་ཡོད་པའི་མི་རིགས་ནང་བཞིན་ལྷོད་ལྷོད་བྱས་ནས་སྡོད་མི་ཉན་ལ། ལྷག་པར་དུ་རང་ཉིད་སྐྱབས་བཅོལ་བའི་གནས་སྟངས་འོག་མིའི་ལུང་པར་འཚོ་གནས་བྱས་ནས་བསྡད་ཡོད་པ་དྲན་པ་གཏན་ནས་བརྗེད་མི་ཉན་པ་མ་ཟད་སོ་སོའི་ལུང་པ་རག་ཐབས་ལ་འབད་བརྩོན་ངེས་པར་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང་།
དེ་བཞིན་ས་འཐུས་ཚོགས་གཞོན་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་གྱིས་ལས་འགུལ་དང་འབྲེལ་གསུང་བཤད་གནང་དོན། ད་ཐེངས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཅིག་པུ་མིན་པར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་མཁན་ཆེན་འཇིག་མེད་ཕུན་ཚོགས། ཁྲི་གུང་ཐང་འཇམ་པའི་དབྱངས། དགེ་བཤེས་བསོད་ནམས་ཕུན་ཚོགས་སོགས་བོད་གངས་ཅན་པར་ཤ་ཚ་དང་སྙིང་རྗེ་ཡོད་མཁན་བོད་བསྟན་སྲིད་སྤྱི་དང་ལྷག་པར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ངམ་བོད་བརྒྱུད་ནང་བསྟན་ཆོས་ལུགས་བཅས་སུ་སྲི་ཞུ་སྒྲུབ་མཁན་རླབས་ཆེན་གྱི་སྐྱེས་བུ་དམ་པ་དང་མི་སྣ་མང་པོ་ཞིག་རྒྱ་གཞུང་གིས་རྩ་མེད་བཟོས་དང་བཟོ་བཞིན་ཡོད་པར་ང་ཚོས་གོ་མེད་ཚོར་མེད་དུ་མི་འཇོག་པར་སྤྱི་སྒེར་ཡོངས་ཀྱི་ངོས་ནས་གང་ནུས་ཀྱི་སྲི་ཞུ་སྒྲུབ་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།
སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་ལས་འགུལ་དང་འབྲེལ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལ་རྒྱ་ནག་གཞུང་གིས་འབར་རྫས་གས་གཏོར་གྱི་ཉེས་མིང་འོག་སྲོག་ཁྲིམས་དང་ཚེ་བཙོན་བཅས་རིམ་པས་ཁྲིམས་ཐག་བཅད་ཡོད་སྐོར་དང་ཉེ་ཆར་རྒྱ་གཞུང་གིས་རིན་པོ་ཆེ་སྐུ་བཀྲོངས་ཡོད་པ་རེད། རྩ་བའི་རིན་པོ་ཆེ་ལ་དེ་ལྟ་བུའི་ནག་ཉེས་ཞིག་རྩ་བ་ནས་མེད་པ་ཙམ་དུ་མ་ཟད་རིན་པོ་ཆེ་ནི་མི་མང་ཉམ་ཆུང་དང་མང་ཚོགས་ཀྱི་འཚོ་གནས་ཐོག་རོགས་འདེགས་སྒྲུབ་མཁན་ཞིག་དང་ལྷག་དོན་༧གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་ཐོག་སློབ་གྲྭ་དང་དགོན་སྡེ་སོགས་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་དང་བཅས་པར་སྲི་ཞུ་སྒྲུབ་མཁན་ཞིག་ཡིན་པ་ལས་གཞན་ལ་གནོད་འཚེའི་ལས་ཀ་སྣ་གཅིག་བྱས་མེད་པ་གསལ་པོ་རེད་ཅེས་སོགས་གསུངས་སོང་།
མཇུག་ཏུ་སེར་སྐྱ་མི་མང་གིས་སྨོན་ལམ་གསུང་འདོན་དང་འབྲེལ་མར་མེ་སྟོང་མཆོད་ཕུལ་རྗེས་བྱང་ཆུབ་སེམས་མཆོག་གྱེར་བཞིན་ཁོངས་སོར་སོར་མར་མེ་ཁྲོམས་སྐོར་བྱས་ནས་ཕེབས་ཡོད་པ་རེད།།
ལྷོ་ཕྱོགས་གསར་པ་ཐུབ་བསྟན་བཀྲ་ཤིས།
