གདོང་ཐོག་བསྟན་པའི་རྒྱལ་མཚན་གྱི་བུ་མོ་ཨ་རིའི་ཚོང་དོན་སྲིད་ཇུས་དང་གྲོས་མོལ་གྱི་ཟུང་དྲུང་ལ་བསྐོ་བཞག་གནང་བ།
བོད་པའི་སྤྱི་ཚོགས་བརྒྱུད་ལམ་འདྲ་མིན་ཁག་ནས་བོད་མི་མང་པོ་ཞིག་གིས་དགའ་བསུ་དང་འཚམས་འདྲི་ཞུ་བཞིན་པ་ནི། བོད་པའི་བུད་མེད་ཅིག་ཨ་རིའི་གཞུང་གི་ཕྱི་སྲིད་ལྷན་ཁང་གི་དཔལ་འབྱོར་དང་ཚོང་ལས་ལས་ཁུངས་ཀྱི་ཚོང་དོན་སྲིད་ཇུས་དང་གྲོས་མོལ་ཟུང་དྲུང་(Deputy Assistant Secretary)ལ་བསྐོ་བཞག་གནང་བ་དེ་ཡིན། བུད་མེད་ཁོང་ནི་ཨ་རིའི་ནང་སློབ་སྦྱོང་ཚད་མཐོ་པོ་གནང་ནས་ད་ཆར་ཨ་རིའི་གཞུང་གི་ལས་གནད་གལ་ཆེན་ཞིག་གི་ཐོག་བསྐོ་བཞག་གནང་ཡོད་འདུག

ཕྱི་ལོ་༢༠༢༦ ཟླ་༡ ཚེས་༢༦ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། གདོང་ཐོག་ཚེ་རིང་ནི་གདོང་ཐོག་རིན་པོ་ཆེ་བསྟན་པའི་རྒྱལ་མཚན་གྱི་སྲས་མོ་ཡིན་པ་དང་། ཁོང་ཉེ་ཆར་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དཔལ་འབྱོར་དང་ཚོང་ལས་ལས་ཁུངས་ཀྱི་ཚོང་དོན་སྲིད་ཇུས་དང་གྲོས་མོལ་ཟུང་དྲུང་ལ་བསྐོ་བཞག་གནང་འདུག ད་ལྟའི་ཆར་ཁོང་གིས་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་འཛུགས་ཁག་སྟེ། དཔལ་འབྱོར་མཉམ་ལས་དང་ཡར་རྒྱས་སྒྲིག་འཛུགས་ (OECD) དང་། འཛམ་གླིང་ཚོང་དོན་སྒྲིག་འཛུགས་ (WTO) བཅས་དང་ལྷན་དུ་འབྲེལ་མཐུད་གནང་རྒྱུའི་འགན་ཁུར་གཙོ་བོ་བཞེས་ཀྱི་ཡོད་འདུག
ད་ལྟའི་ལས་གནས་དེ་མ་བཞེས་གོང་། གདོང་ཐོག་ཚེ་རིང་གིས་ཕོ་བྲང་དཀར་པོའི་རྒྱལ་ཡོངས་དཔལ་འབྱོར་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སློབ་སྟོན་པ་གཙོ་བོ་དང་། རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་ལས་དོན་ཁང་གི་འགན་འཛིན་གནང་ཡོད་འདུག དེ་བཞིན་ཁོང་གིས་འདས་པའི་ལོ་ངོ་དགུའི་རིང་ཨ་རིའི་ཚོང་དོན་སྐུ་ཚབ་ལས་ཁུངས་ (USTR) ནང་ཕྱག་ལས་གནང་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ཅིང་། དེའི་རིང་རྒྱ་ནག་ལས་དོན་གྱི་ཨ་རིའི་ཚོང་དོན་སྐུ་ཚབ་ལས་རོགས་གནང་བ་དང་། འཛམ་གླིང་ཚོང་དོན་སྒྲིག་འཛུགས་དང་། ལྷོ་ཤར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ལས་དོན། ཐེ་ཝན་ནང་གི་ཨ་རིའི་ལས་ཁུངས་ (American Institute in Taiwan)བཅས་སུ་དམིགས་བསལ་ཕྱག་ལས་གནང་ཡོད་འདུག ཁོང་གིས་ཕྱི་སྲིད་ལྷན་ཁང་གི་རྒྱ་ནག་འབྲེལ་མཐུད་ལས་ཁུངས་ཀྱི་སློབ་སྟོན་པ་གཙོ་བོ་དང་ཕྱོགས་གཉིས་འབྲེལ་ལམ་གྱི་འགན་འཛིན་ཡང་གནང་མྱོང་ཡོད་འདུག
ཁོང་གིས་ཐོག་མར་གཞུང་གི་ལས་ཀ་འགོ་འཛུགས་སྐབས། ནུས་ཤུགས་ཐོན་ཁུངས་ལྷན་ཁང་གྱི་རྒྱལ་སྤྱིའི་ལས་དོན་ཁང་དུ་རྒྱ་ནག་དང་། ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱི་ལས་དོན་འགན་ཁུར་བཞེས་པ་དང་། ཚོང་དོན་ལྷན་ཁང་གྱི་རྒྱལ་སྤྱིའི་ཚོང་དོན་ཁྲིམས་རྩོད་པ་གཙོ་བོའི་ལས་ཁུངས་སུ་ཕྱག་ལས་གནང་ཡོད་འདུག
གདོང་ཐོག་ཚེ་རིང་ནི་ཝ་ཤིང་ཊོན་མངའ་སྡེའི་སི་ཨེ་ཊལ་ (Seattle) དུ་སྐྱེས་ཤིང་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནང་ཡུན་རིང་བཞུགས་མྱོང་ཡོད་པ་དང་། ཁོང་གིས་བོད་སྐད་དང་རྒྱ་སྐད་གཉིས་ཀ་མཁྱེན་གྱི་ཡོད་འདུག ཁོང་གི་ཤེས་ཡོན་སློབ་སྦྱོང་གི་བརྒྱུད་རིམ་ནི། ཨ་རིའི་ཝ་ཤིང་ཊོན་གཙུག་ལག་སློབ་གཉེར་ཁང་(University of Washington)ནས་ཆབ་སྲིད་རིག་པ་དང་རྒྱལ་སྤྱིའི་ཞིབ་འཇུག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་(BA)དང་། ཁོ་ལོམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་(Columbia University)ནས་རྒྱ་ནག་ཞིབ་འཇུག་ཐོག་གཙུག་ལག་རབ་འབྱམས་པ་(MA)མཐར་སོན། དེ་ནས་མི་ཆི་གྷན་གཙུག་ལག་སློབ་གཉེར་ཁང་གི་ཁྲིམས་ལུགས་སློབ་གྲྭ་ (University of Michigan Law School)ནས་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཐོན་པ་དང་། སྐབས་དེར་ཁོང་ལ་གཞུང་ཞབས་ཀྱི་ཆེད་དུ་ཧྥི་སི་ཀེ་གཟེངས་རྟགས་(Fiske Fellowship award)ཀྱང་ཐོབ་མྱོང་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།
