གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་ནད་རིགས་འདྲ་མིན་ཡོང་ནས་ཚེ་སྲོག་ལ་ཉེན་ཁ།

ད་ཆར་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་འབག་བཙོག་སོགས་ཀྱིས་རྐྱེན་པས་(dengue)ཟེར་བའི་དུག་སྦྲང་གི་ན་ཚ་དེ་ཁྱབ་གདལ་ཆེན་པོ་འགྲོ་བཞིན་ཡོད་པ་དང་། ན་ཚ་དེ་ལ་བརྟེན་ནས་མི་མང་པོ་འདས་གྲོངས་སུ་འགྲོ་ཡི་འདུག
ཕྱི་ཚེས་༢ ཉིན་རྒྱ་གར་གྱི་( wion)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བྷང་ལ་དྷེ་ཤིའི་རྒྱལ་ཁབ་ནང་ཉེ་ཆར་(dengue) ཟེར་བའི་དུག་སྦྲང་ན་ཚ་ཡིས་རྐྱེན་པས་ཁྱོན་མི་༡༠༠༠ ཙམ་འདས་གྲོངས་སུ་གྱུར་ཡོད་འདུག དེ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་མི་མང་པོ་དུས་ཡུན་ཐུང་ཐུང་ཞིག་ནང་འདས་གྲོངས་སུ་གྱུར་བ་སྡུག་ཤོས་གཅིག་ཡིན་འདུག་པ་དང་། ན་ཚ་དེ་ཁྱབ་གདལ་ཆེན་པོ་ཡོང་དགོས་དོན་ནི་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་ཡིན་པ་ཡང་རྗོད་བཞིན་འདུག ན་ཚ་དེ་ལ་བརྟེན་ནས་ཚ་བ་འབར་བ་དང་། མགོ་ན་བ། ཐང་ཆད་པ། ཤ་གནད་རྣམས་ཟུག་རྒྱག་པ་སོགས་ཀྱི་དཀའ་ངལ་འཕྲད་པ་དང་། ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད་འདུག འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་ཉེན་བརྡ་བཏང་དོན་ལ་ད་ཆར་འཛམ་གླིང་ནང་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པའི་དུག་སྦྲང་ལས་ཡོང་ཞིང་ཧ་ཅང་ཁྱབ་གདལ་མགྱོགས་པའི་ན་ཚ་མང་པོ་ཞིག་ཡོང་གི་ཡོད་པ་དང་། དཔེར་ན། ན་ཚ་(chikungunya)དང་(yellow fever) (Zika )སོགས་ཡོད་པར་བརྗོད་འདུག Bangladesh’s Directorate General of Health Services)ཟེར་བའི་ཚོགས་པས་སྙན་ཐོ་ཞིག་གཟའ་ཉི་མའི་ཉིན་བཏོན་ཡོད་པ་དང་། སྙན་ཐོ་དེའི་ནང་ཁྱོན་ནད་པ་༢༠༠༠༠ ལས་མང་བ་བྱུང་ཡོད་པ་དང་། དེ་ལས་༡༠༠༦ འདས་གྲོངས་སུ་ཕྱིན་ཡོད་པར་བརྗོད་འདུག ཚོགས་པ་དེའི་འགན་འཛིན་ཟུར་པ་(Be-Nazir Ahmed)བརྗོད་དོན་ལ་ཕྱི་ལོ་༢༠༠༠ ནས་ད་བར་(dengue) ན་ཚས་མི་གྲོངས་པའི་གྲངས་ཀ་དེ་མཐོ་ཤོས་ཡིན་པ་དང་། ད་བར་འདི་འདྲ་གྲོངས་མྱོང་མེད་ཅེས་དང་། ཕྱི་ལོ་༢༠༢༢ ནང་(dengue) གིས་རྐྱེན་པའི་མི་༢༨༡ གྲོངས་སོང་ཞེས་བརྗོད་འདུག ཚན་རིག་པ་དག་གིས་བརྗོད་དོན་ལ་ཐེངས་འདིའི་ན་ཚ་འདི་འདྲ་ཡོང་དོན་ནི་ཆར་དུས་ངེས་མེད་དུ་ཡོང་བ་དང་། གནམ་གཤིས་ཚ་དྲོད་ཆེ་བ་སོགས་ཀྱིས་ཡིན་པར་བརྗོད་འདུག བྷང་ལ་དྷེ་ཤིའི་མཐོ་སློབ་(Jahangirnagar University )་ཡི་སློབ་དཔོན་(Kabirul Bashar)ཟེར་བས་བརྗོད་དོན་ལ་(dengue) ན་ཚ་དེ་བྷང་ལ་དྷེ་ཤི་གཅིག་པུར་མ་ཡིན་པར་རྒྱལ་ཁབ་གཞན་དག་ནང་དུ་ཡང་ཁྱབ་གདལ་ཆེན་པོ་འགྲོ་བཞིན་ཡོད་པར་རྗོད་ཀྱི་འདུག ད་དུང་ཁོང་གིས་བརྗོད་དོན་ལ་(Aedes mosquito )ཟེར་བའི་དུག་སྦྲང་དེ་ཡིས་གནམ་གཤིས་ཚ་བ་ཆེ་བའི་སྐབས་སུ་གཉན་སྲིན་མང་པོ་ཞིག་འཁུར་ཐུབ་པ་དང་གཞན་ལ་ཁྱབ་སྤེལ་བྱེད་པའི་ནུས་པ་ཡོད་འདུག གོ་ལའི་གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པའི་ཚ་དྲོད་ཆེན་པོ་ཆགས་པ་སོགས་ལ་བརྟེན་ནས་(dengue) ན་ཚ་དེ་ཁྱབ་གདལ་ཆེན་པོ་ཆགས་ཀྱི་ཡོད་རེད་ཅེས་བརྗོད་འདུག
(Dhaka’s Shaheed Suhrawardy Medical College)ཟེར་བའི་བྷང་ལ་དྷེ་ཤིའི་རྒྱལ་སའི་མཐོ་སློབ་གཅིག་གི་སློབ་དཔོན་(Mohammad Rafiqul Islam)ཟེར་བ་ཞིག་གིས་བརྗོད་དོན་ལ།མི་ཞིག་(dengue) ན་ཚ་ཐེངས་གཅིག་ནས་ཐེངས་གསུམ་བར་ན་བ་དེ་འདྲ་བྱུང་ན་ཚེ་སྲོག་ལ་ཉེན་ཁ་ཆེ་བ་ཡོད་པར་བརྟེན།ངེས་པར་དུ་གཟབ་གཟབ་བྱེད་རྒྱུ་གལ་ཆེན་ཡིན་པར་བརྗོད་འདུག (dengue) ན་དུས་ངེས་པར་དུ་སྨན་ཁང་དུ་གང་སྔ་སྔར་ཡོང་དགོས་པ་ལས་ཕྱིས་དྲགས་ན་བཅོས་ཐབས་ཁག་པོ་དང་། ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད་པར་བརྗོད་འདུགདེ་བཞིན་ད་ཆར་རྒྱ་གར་ནང་དུ་ཡང་(dengue) ན་ཚ་དེ་ཁྱབ་གདལ་འགྲོ་བཞིན་ཡོད་པར་རྗོད་ཀྱི་འདུག་ལ།དམིགས་བསལ་ལྡེ་ར་ལྡུན་བོད་མིའི་གཞིས་ཆགས་དོན་གྲུབ་གླིང་དུ་མི་༤༠ཙམ་ནད་པ་ཆགས་ཡོད་པ་དང་།ན་གཞོན་ཞིག་(dengue) གི་རྐྱེན་པས་འདས་གྲོངས་སོང་གྱུར་པ་དོན་གྲུབ་གླིང་གཞིས་ཆགས་སུ་གནས་སྡོད་བྱེད་མཁན་ཞིག་གིས་བརྗོད་སོང་།
གསར་འགོད་པ། བསོད་ནམས་ཕུན་ཚོགས།