གནམ་སྡེ་སྒོ་མོའི་དྲག་ཆས་དམག་དཔུང་མདུན་གྱི་མི་ཞིག་དྲན་གསོ།

༡༩༨༩ ལོའི་ཟླ་༦ ཚེས་༤ ཉིན་རྒྱ་ནག་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་རྒྱ་ནག་གཞུང་གིས་མང་གཙོ་ལས་འགུལ་བ་སློབ་མ་མང་པོ་དམར་གསོད་བཏང་ནས་ད་བར་མི་ལོ་ཧྲིལ་བོ་༣༣འཁོར་བའི་ཉིན་མོ་དྲན་གསོའི་ལས་འགུལ་སྤེལ་སོང་།

ཟླ་འདིའི་ཚེས་༤ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་དྷ་ས་མེག་གྷན་ཁྲོམ་གཞུང་དུ་ང་ཁྲབ་ལྡན་འཁོར་ལོའི་མི་ཡིན་(Tank man བརྙན་) ཞེས་པའི་བརྗོད་གཞིའི་ཐོག་ལ་པར་འགྲེམས་སྤེལ་དང་གསལ་བསྒྲགས་སྤེལ་སོང།

དྲན་གསོ་ཆེད་འཁྲབ་སྟོན་སྐབས་ཀྱི་པར།

༡༩༨༩ ལོའི་ཕྱི་ཟླ་༦ ཚེས་༤ མང་གཙོ་ལས་འགུལ་བ་དྲག་གནོན་བྱས་པ་དང་། ཕྱི་ཚེས་༥ ཉིན་གོས་ཐུང་ནག་པོ་དང་སྟོད་ཐུང་དཀར་པོ་གྱོན་མཁན་སྐྱེས་པ་ཞིག་གིས་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་གཞུང་ལམ་དཀྱིལ་དུ་ལངས་ནས་དམག་གི་ཁྲབ་ལྡན་འཁོར་ལོའི་མདུན་བཀག་ཡོད་པ་དང་། ད་ལྟའི་ཆར་ཁོང་གི་གནས་སྟངས་ཇི་ཡིན་གསལ་བོ་ཤེས་ཀྱི་མེད་ཀྱང་། ཁོང་ནི་(Tank man) རྒྱལ་སྤྱིའི་ཐོག་རང་དབང་འཐབ་རྩོད་པའི་མིག་དཔེ་ལྟ་སུ་ཞིག་ཏུ་འགྱུར་ཡོད་པ་རེད། དེ་བཞིན་ཁྲབ་ལྡན་འཁོར་ལོ་འགྲེམས་སྟོན་བྱེད་དགོས་དོན་དེ་ཡང་། རྒྱ་ནག་གཞུང་གིས་ཁྲབ་ལྡན་འཁོར་ལོ་ཨང་རྟགས་༥༩ པ་དེ་མང་གཙོ་ལས་འགུལ་བ་སློབ་མ་ཚོའི་ཐོག་ཏུ་བེད་སྤྱོད་བཏང་ཡོད་པ་མ་ཟད། ཕྱི་ལོ་༡༩༦༢ ལོར་རྒྱ་དཀར་ནག་གཉིས་ཀྱི་བར་དུ་དམག་འཁྲུག་ལངས་པའི་སྐབས་སུ་ཡང་ཁྲབ་ལྡན་འཁོར་ལོ་ཨང་རྟངས་༥༩ ཅན་དེ་བེད་སྤྱོད་བྱས་ཡོད་པ་རེད།

སྐབས་དེ་ལས་འགུལ་གོ་སྒྲིག་པ་བསྟན་འཛིན་པ་སངས་ཀྱིས་༡༩༨༩ ཟླ་༦ ཚེས་༤ ཉིན་རྒྱ་ནག་གཞུང་གིས་མང་གཙོའི་ལས་འགུལ་བ་སྟོང་ཕྲག་མང་པོ་དམར་གསོད་བཏང་བའི་སྐོར་དང་། “ཐེངས་འདི་འཁྲབ་ལྡན་འཁོར་ལོ་ཨང་རྟངས་༥༩ ཅན་འགྲེམས་སྟོན་གྱི་ལས་འགུལ་བརྒྱུད་ནས་ང་ཚོས་རྒྱ་ནག་གི་སྡུག་སྦྱོར་མནར་གཅོད་ལ་ཞེད་སྣང་དང་འཇིགས་སྣང་བྱེད་ཀྱི་མེད་པའི་བརྡ་ལན་གསལ་བོ་ཞིག་སྤྲད་བཞིན་ཡོད་པ་དང་། ང་ཚོ་ནི་མི་སྒེར་པ་ཞིག་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་ང་ཚོས་མང་གཙོའི་ནུས་སྟོབས་བེད་སྤྱོད་བྱས་ནས་ཁོང་ཚོའི་འབོད་སྒྲ་དང་ང་ཚོའི་རང་དབང་དང་མང་གཙོའི་འབོད་སྒྲ་དེ་རྒྱ་ནག་གཞུང་ལ་གོ་འཇུག་དགོས་པ་དང་། དེ་ལྟར་བྱེད་ན་རྒྱ་ནག་གཞུང་གིས་མུ་མཐུད་ནས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་ཐུབ་ཀྱི་མ་རེད་ཅེས་ལས་རིམ་ངོ་སྤྲོད་ཀྱི་གཏམ་བཤད་གནང་སོང་།

ཐེངས་འདི་ལས་འགུལ་ནང་བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ཀྱང་ཕེབས་འདུག་ལ་ཁོང་ལ་ལས་འགུལ་དེ་དང་འབྲེལ་བའི་ཐོག་བཅར་དྲིའི་ལན་དུ། སྐབས་དེར་བོད་ལ་ཡང་ལས་འགུལ་ཆེན་མོ་ཞིག་སྤེལ་བཞིན་ཡོད་པ་དང་། ལོ་དེའི་ལོ་འཇུག་ཏུ་༧གོང་ས་མཆོག་ལ་ནོར་བྷེལ་ཞི་བདེ་གཟེངས་རྟགས་ཕུལ་ཡོད་པ་དང་། བོད་པ་ཚོའི་སེམས་ནང་རྒྱ་ནག་གིས་བོད་ལ་དགྲ་མཐོང་མཐོང་དང་དམ་པོ་བྱས་ནས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཡན་ཆད་རྩ་བརླག་གཏོང་གི་འདུག་བསམ་པའི་བསམ་བློ་དེ་འཁྱེར་ཡོད་པའི་ཐོག་རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་ལ་ཡང་མནར་གཅོད་གཏོང་གི་ཡོད་པ་ཤེས་ཡོད་རབས་དང་། ཁོང་གིས་དྲན་སོས་པ་ཞིག་ལ་དྲུག་བཞི་དོན་རྐྱེན་གྱི་དྲན་གསོའི་ལས་འགུལ་དེ་ཕྱི་ལོ་༢༠༠༣ ལོར་དྷ་སར་ཐེངས་དང་པོ་ཚོགས་ཡོད་པ་དང་དུས་དེ་ནས་བཟུང་སྐབས་རེ་གློག་བརྙན་སྟོན་པ་དང་མཚམས་རེ་ངོ་རྒོལ་དང་། ལན་རེ་མི་མང་ལ་གོ་རྟོགས་སྤེལ་གྱི་ཡོད་པ་སོགས་ཀྱིས་ད་བར་དུ་མཚམས་ཆད་མྱོང་མེད་པ་དང་། ལས་འགུལ་དེ་འདྲ་སྤེལ་དགོས་དོན་དེ་ཡང་། རྒྱ་ནག་རང་དུ་མང་གཙོ་དང་རང་དབང་གི་ཆེད་དུ་འབོད་སྒྲ་སྒྲོག་གི་ཡོད་པ་ཤེས་པའི་ཆེད་དང་། རྒྱ་ནག་ནང་གི་མང་གཙོ་དང་རང་དབང་འབོད་སྒྲ་དེ་དག་ལ་བོད་པས་གདུང་སེམས་མཉམ་སྐྱེས་ཡོད་པའི་རྣམ་པ་མཚོན་ཆེད་གནད་འགག་ཆེན་པོ་ཆགས་ཡོད་པར་བརྟེན་ནས་ཡིན་སྐོར་གསུངས་སོང་།།

གསར་འགོད་པ་བློ་བཟང་རྒྱ་མཚོ།