གཞས་པ་མགོན་པོ་བསྟན་འཛིན་ལ་ཁྲིམས་ཆད།

གསར་དུ་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། མདོ་ཁམས་ནགས་ཤོད་འབྲི་རུ་རྫོངས་ཁོངས་ཀྱི་གཞས་པ་མགོན་པོ་བསྟན་འཛིན་༢༠༡༣ ལོའི་ཟླ་བ་༡༡ པའི་ནང་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་སྟེ། ༢༠༡༥ལོའི་ཟླ་བ་༤པའི་ཚེས་༡༥ཉིན་གཞི་ནས་ལོ་གསུམ་དང་ཟླ་བ་དྲུག་གི་དུས་བཀག་ཁྲིམས་ཐག་བཅད་ཡོད་འདུག

1253འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། གཞས་པ་མགོན་པོ་བསྟན་འཛིན་ལོ་གཅིག་ལྷག་ཙམ་རིང་མནར་གཅོད་འོག་བཀག་ཉར་བྱས་ཏེ། ད་ལྟ་དངོས་སུ་ཁྲིམས་ཐག་བཅད་པ་དང་། ཆབ་སྲིད་ཁེ་དབང་འཕྲོག་རྒྱུ་ཟེར་བའི་ཡིག་ཆ་དོ་བདག་ལ་སྤྲད་ཡོད་པ་རེད།

རྒྱ་ནག་གཞུང་གིས་གཞས་པ་མགོན་པོ་བསྟན་འཛིན་འཇུ་བཟུང་བྱ་དགོས་པའི་རྒྱུ་མཚན་ནི་དེ་སྔོན་ཁོང་གི་ཆེད་སྒྲིག་གླུ་གཞས་ནང་དུ། <<གངས་ཅན་བོད་ལ་ལོ་གསར་གང་ན་ཡོད>>ཟེར་བའི་གཞས་བཏང་བའི་ནག་ཉེས་རེད་ཟེར། སྤྱིར་ཁོང་གཞས་ཚིག་ནང་དོན་མང་ཆེ་བ་བོད་མིའི་ལས་དབང་དང་། བོད་ཀྱི་སྐད་ཡིག་དར་སྤེལ། མི་རིགས་སློབ་གསོའི་སྐོར་སོགས་ཡིན་པ་རེད།
གཞས་པ་མགོན་པོ་བསྟན་འཛིན་ད་ལྟ་རང་ལོ ༢༧ ཡིན་པ་དང་། ཁོང་གི་ཁྱིམ་དུ་ཕ་མ་རྒན་རྒོན་དང་བཟའ་མི་བུ་ཕྲུག་བཅས་ཡོད་འདུག

དེ་མིན། ད་ལྟའི་ཆར་ཁམས་ནགས་ཤོད་འབྲི་རུ་རྫོང་དུ་ས་གནས་བོད་མི་མང་པོ་ཞིག་ལ་ཕྱི་ཕྱོགས་ཁ་བྲལ་ཤོག་ཁག་དང་འབྲེལ་བ་འདུག་ཟེར་ནས་དོན་མེད་འཇུ་བཟུང་བཙན་ཁྲིད་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག་ལ། འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ནས་ཡིན་པ་ཀྲེ་བོ་དར་བཟང་དང་མཁྱེན་རབ་སོགས་ཉེ་ཆར་འཇུ་བཟུང་བྱས་ཡོད་འདུག  ད་ལྟའི་ཆར་རེས་གཟའ་ལྷག་པ་དང་བོད་ཚེས་བཅོ་ལྔ། དེ་མིན་ཚེས་བཟང་བཅས་ལ་དཀར་ཟས་བསྟེན་པ་དང་གཟབ་མཆོར་སྤྲས་པ་སོགས་ལ་རྒྱ་གཞུང་གིས་ཉེས་འཛུགས་ཀྱི་ཡོད་འདུག །