གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞི་ཡིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་ལས་འགུལ་སྤེལ་སོང་།

རྒྱ་ནག་གཞུང་གིས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གྱིས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་ཡོད་པར་ངོ་རྒོལ་དང་། ཨ་རིའི་(Thermo Fisher) ཚན་རྩལ་ཁང་གིས་རྒྱ་ནག་གཞུང་ལ་བོད་མིའི་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་འཚོང་བཞིན་ཡོད་པ་དེ་ཉིད་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་དང་། ཨ་རིའི་གཞུང་གིས་ཚོང་ལས་ཁང་དེའི་ལས་དོན་བྱེད་ཕྱོགས་ཐོག་རྟོག་ཞིབ་ནན་པོ་བྱ་རྒྱུའི་འབོད་སྐུལ་ཞུ་རྒྱུའི་ལས་འགུལ་ཞིག་སྤེལ་གནང་སོང་།

ཟླ་འདིའི་ཚེས་༣ ཉིན་དྷ་ས་ལ་ཡོད་པའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཁག་བཞི་སྟེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཐུན་མོང་གིས་དྷ་ས་མེ་ལོ་ཁྲོམ་གཞུང་གི་བཞི་མདོ་ལ་རྒྱ་ནག་གཞུང་གིས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གྱིས་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་ཡོད་པར་ངོ་རྒོལ་དང་སྐྱོན་བརྗོད་ཀྱི་ལས་འགུལ་ཞིག་སྤེལ་སོང་།

སྐབས་དེ་ཚོགས་པ་བཞི་ཡིས་སྤེལ་བའི་གསར་འགོད་བསྒྲགས་གཏམ་གྱི་ནང་།རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་ད་བར་བོད་མི་ས་ཡ་གཅིག་ལྷག་གི་རིགས་རྫས་མཁོ་སྒྲུབ་བྱས་ཡོད་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་མི་ཚོའི་ཆོག་མཆན་མེད་པར་སྒེར་གྱི་གསང་གནས་བསྡུ་ལེན་གྱིས་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་ཞིབ་བཤེར། དོ་དམ་བཙན་གནོན་བྱས་དང་བྱེད་མུས་ཡིན་རབས་དང་། ཨ་རིར་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་འདོན་སྤེལ་ཞུས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལོ་འཁོར་སྙན་ཐོའི་ནང་ལ་ཡང་བོད་དེ་རང་དབང་མེད་པའི་ས་ཁུལ་ཆེས་སྡུག་ཤོས་ཤིག་ཡིན་པ་ཐེར་འདོན་གནང་ཡོད་པའི་སྐོར་འཁོད་འདུག།

གཞན་ཡང་ཨ་རིའི་(Thermo Fisher) ཚན་རྩལ་ཁང་ནས་རྒྱ་ནག་གཞུང་ལ་བོད་མིའི་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་འཚོང་མུས་ཡིན་པས་དེ་ཡང་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། སྤྱིར་བཟོ་ཚོང་ཁང་འདིས་ཚོང་ལས་ཚུལ་བཞིན་གཉེར་གྱིན་ཡོད་རུང་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་རིགས་རྫས་བསྡུ་ལེན་གྱི་ཡོ་ཆས་མཐུན་འགྱུར་སྦྱར་བར་བརྟེན། བོད་གཙོས་པའི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་བཙན་གནོན་འོག་མྱངས་དང་མྱོང་བཞིན་པའི་རྒྱལ་ཁབ་ཁག་གི་མི་མང་རྣམས་ལ་དམ་དྲག་ཇེ་ཆེ་དང་། ལྟ་སྲུང་གི་ནུས་པ་སྔ་ལས་ལྷག་རྒྱ་སྐྱེད་གཏོང་བཞིན་ཡོད་པ་དང་། ཨ་རིའི་ཚན་རྩལ་ཁང་འདིའི་འགན་འཛིན་གཙོ་བོ་(Mr.Marc Casper) ལ་ཞུ་གཏུགས་དང་ངོ་རྒོལ་སོགས་ཀྱི་ལས་འགུལ་སྣ་མང་སྤེལ་ཡང་ད་བར་ཡ་ལན་གང་ཡང་བྱས་མེད་པར་བརྟེན། བོད་མི་གཙོས་པའི་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་དང་རང་དབང་ལ་དགའ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ཚོང་ལས་ཁང་གི་ད་ལྟའི་བྱས་ཉེས་དེ་བཞིན་ཐེར་འདོན་བྱེད་ངེས་ཡིན་ཅེས་དང་།

དེ་བཞིན་བོད་མི་གཙོས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་བཞི་དབུས་པའི་རྒྱལ་སྤྱིའི་ཚོགས་པ་ཁག་གི་དགོས་འདུན་ལ་རྒྱལ་སྐྱོར་གྱིས་ཨ་རིའི་གཞུང་གིས(Thermo Fisher) ཚོང་ལས་ཁང་གི་ལས་དོན་བྱེད་ཕྱོགས་ལ་རྟོག་ཞིབ་ནན་པོ་བྱ་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག  ལོ་འདིའི་ཟླ་༡ ཚེས་༣༠ ནས་ཟླ་༢ ཚེས་༥ བར་རྒྱལ་སྤྱིའི་ཚོགས་པ་༡༢༠ ཡིས་བདུན་ཕྲག་གཅིག་རིང་གི་རྒྱལ་སྤྱིའི་ལས་འགུལ་ཞེས་པ་ཞིག་སྲུང་བརྩི་ཞུ་བཞིན་ཡོད་པ་དང་སྟབས་བསྟུན། ཐེངས་འདི་ཚོགས་པ་བཞི་ཡིས་ལས་འགུལ་དེར་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདི་སྤེལ་བ་ཞིག་ཆགས་ཡོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།