གཞུང་འབྲེལ་མིན་པའི་ཚོགས་པ་བཞིས་རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་གནང་སོང་།

ཟླ་༡༢ པའི་ཚེས་༧ ཉིན་བཞུགས་སྒར་རྡ་ས་མེག་གྷན་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས། རྒྱ་ནག་ནང་གི་ངོ་རྒོལ་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་སྤེལ་གནང་སོང་།

ལས་འགུལ་དེའི་ནང་ཨོ་སི་ཀྲོ་ལི་ཡ་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་དང་རྒྱ་ནག་ལ་སྐྱོན་བརྗོད་ཆེན་པོ་བྱེད་མཁན་བོད་དོན་རྒྱབ་སྐྱོར་བ་ཌེ་རེའི་པཱ་ཝེ་ལུ་(Drew Pavlou)མཉམ་ཞུགས་གནང་སོང་། 

ལས་འགུལ་སྐབས་སུ། རྒྱ་གར་་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་གྱིས། དེ་སྔ་ཕྱི་ལོ་ ༡༩༨༩ ལོའི་ཕྱི་ཟླ་ ༦ པར་པེ་ཅིང་གནམ་སྡེ་སྒོར་མོ་ཐང་ཆེན་གྱི་དོན་རྐྱེན་བྱུང་རྗེས་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ཧ་ཅང་དཀོན་པོ་ཡིན་སྟབས། ད་ཆ་རྒྱ་ནག་ནང་དེ་ལྟ་བུའི་ལས་འགུལ་སྤེལ་བཞིན་ཡོད་སྐབས་བོད་མི་རྣམས་ཀྱིས་གོ་སྐབས་དམ་འཛིན་གྱིས་ལས་འགུལ་སྤེལ་དགོས་གལ་ཡིན་པ་དང་། ལྷག་པར་དུ་ཤོག་བུ་དཀར་པོའི་སྒེར་ལངས་བརྒྱུད་ནས་དམར་ཤོག་སྲིད་གཞུང་མཚམས་འཇོག་དགོས་པ་དང་ཞི་ཅིན་ཕིང་སྲིད་དབང་ནས་རྩ་དགོངས་ཞུ་དགོས་པ། དེ་བཞིན་མང་གཙོ་དང་རང་དབང་དགོས་ཞེས་འབོད་སྒྲ་དེ་དག་ལ་གཞིགས་ན། རྒྱ་ནག་ནང་གི་མི་མང་དང་གཞོན་སྐྱེས་རྣམས་ཀྱིས་རྒྱ་དམར་སྲིད་གཞུང་ལ་མི་འདོད་པའི་རྣམ་པ་ཆེས་མངོན་གསལ་གནང་ཡོད་ཅེས་གསུངས་སོང་།

དེ་བཞིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོལ་མས། དེང་གི་ཆར་རྒྱ་ནག་ནང་གཞོན་སྐྱེས་མང་པོས་མང་གཙོའི་གལ་གནད་ཤེས་པའི་ཐོག་ནས་རྒྱ་དམར་གཞུང་ལ་ངོ་རྒོལ་བརྒྱུད་ཤོག་བུ་དཀར་པོའི་སྒེར་ལངས་ཀྱི་ཞི་རྒོལ་དེ་ལྟར་གནང་ཡོད། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་ཀྱང་དེ་མཚུངས་སུ་རྒྱ་དམར་གྱི་བཙན་གནོན་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་ཡོད་པར་ང་ཚོས་དེར་གདུང་སེམས་མཉམ་བསྐྱེད་གནང་རྒྱུ་ནི་ཆེས་གནད་འགག་ཆེན་པོ་ཆགས་ཡོད་པ། རྒྱ་ནག་གཞུང་གི་བཙན་དབང་འོག་ཡོད་པའི་གྲངས་ཉུང་མི་རིགས་སུ་འདྲ་ཞིག་ལ་དཀའ་ངལ་འཕྲད་ཚེ་ང་ཚོ་བོད་མི་རྣམས་ཀྱིས་དེར་གདུང་སེམས་མཉམ་བསྐྱེད་གནང་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་དོན་གྲུབ་ཀྱིས། རྒྱ་ནག་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དེ་ནི་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཁོ་ནའི་དབང་གིས་བྱུང་བ་ཞིག་མིན་པར་མང་གཙོ་དང་རང་དབང་བཅས་ཐོག་ནས་སྤེལ་བ་ཞིག་ཡིན་སྟབས། བོད་མི་ལས་འགུལ་བ་རྣམས་ཀྱི་ངོས་ནས་དོ་སྣང་གནང་རྒྱུ་གལ་ཆེན་ཡིན་པ་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།