གཞོན་ལྷན་གྱི་གཞུང་མང་གོ་རྟོགས་ལས་འགུལ་དངོས་སུ་འགོ་འཛུགས།
འདས་པའི་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ད་ལྟ་བཙན་འོག་ལ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་རྒྱ་གར་གཞུང་མང་གཉིས་ནས་ངོས་འཛིན་ཡོང་ཐབས་སུ་རྒྱལ་ཡོངས་གཞུང་མང་གོ་རྟོགས་ལས་འགུལ་དངོས་སུ་འགོ་བཙུགས་སོང་།
ཟླ་འདིའི་ཕྱི་ཚེས་༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན་ནས་སྔ་དྲོ་ཆུ་ཚོད་༩ པའི་ཐོག་བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱལ་ཡོངས་གཞུང་མང་གོ་རྟོགས་ལས་འགུལ་དངོས་སུ་འགོ་འཛུགས་བྱས་སོང་ཞིང་། སྐབས་དེར་སྤྱི་འཐུས་ཚོགས་གཞོན་ཨར་ཅརྱ་ཡེ་ཤེས་ཕུན་ཚོགས་ཕེབས་ནས་རྒྱ་གར་སྐད་ནང་ལས་འགུལ་གྱི་སྐོར་ལ་གཏམ་བཤད་གནང་སོང་།
གོ་རྟོགས་ལས་འགུལ་འདི་དྷ་ས་མེག་གྷན་དང་། རྒྱ་གར་ལྷོ་ཕྱོགས་ཅིན་ནེ། རྒྱ་གར་བྱང་ཤར་གྱི་རྒྱལ་ས་ས་ལུ་གྷ་ར་བཅས་ས་གནས་ཁག་གསུམ་ནས་དུས་གཅིག་ཏུ་འགོ་འཛུགས་བྱས་ནས་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་བརྡལ་ཆེ་ཁག་༡༥༠ ནང་དུས་ཡུན་ཟླ་གཅིག་ལྷག་རིང་སྤེལ་རྒྱུ་ཡིན་འདུག་ཅིང་། བོད་དོན་གོ་རྟོགས་སྤེལ་ཐབས་སུ་སྐད་ཡིག་མི་འདྲ་བ་༦ ནང་ཡོད་པའི་ཡིག་ཆ་འབུམ་༡༠ ལྷག་རྒྱ་གར་མི་མང་ནང་འགྲེམས་སྤེལ་བྱེད་རྒྱུ་རེད་འདུག
དྷ་ས་ནས་འགོ་འཛུགས་བྱས་ནས་བསྐྱོད་པའི་ལས་འགུལ་བ་ཚོས་རྒྱ་གར་གྱི་མངའ་སྡེ་དྲུག་གི་གྲོང་ཁྱེར་དང་གྲོང་བརྡལ་༥༦ ནང་བསྐོར་བསྐྱོད་ཀྱིས་གོ་རྟོགས་ལས་འགུལ་སྤེལ་རྒྱུ་རེད་འདུག ལས་འགུལ་འགོ་འཛུགས་སྐབས་གཞོན་ལྷན་གྱི་རིག་གཞུང་འགན་འཛིན་བདེ་ཁང་བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར། གཞུང་མང་གོ་རྟོགས་ལས་འགུལ་འདི་ནི་གསར་པ་ཞིག་གང་ཡང་མིན་པ་དང་། འདས་པའི་དུས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་འདི་འདྲའི་ལས་འགུལ་སྤེལ་ཡོད་པ། ལས་འགུལ་འདི་བརྒྱུད་ནས་རྒྱ་གར་གཞུང་མང་གཉིས་ལས་རྒྱབ་སྐྱོར་ཐོབ་རྒྱུའི་དམིགས་ཡུལ་འཛིན་བཞིན་ཡོད་སྐོར་བརྗོད་སོང་ལ། དེ་བཞིན་ཁོང་གིས་གཞུང་མང་གོ་རྟོགས་ལས་འགུལ་འདི་ནི་༧གོང་ས་མཆོག་གིས་གནས་ཡུལ་རྒྱ་གར་གྱི་མི་མང་དང་མཛའ་མཐུན་གྱི་འབྲེལ་བ་འཛུགས་དགོས་པའི་བཀའ་གནང་བ་ནང་བཞིན་བྱེད་ཀྱི་ཡོད་སྐོར་དང་། རྒྱ་གར་ལ་ཡོད་པའི་བོད་རིགས་ཚང་མས་ས་གནས་ས་ཐོག་གི་རྒྱ་གར་བ་དང་འཆམ་པོ་བྱེད་པ་དང་། རྒྱ་གར་གྱི་དཔོན་རིགས་དང་འབྲེལ་ལམ་འཛུགས་པ་སོགས་ཀྱི་སྒོ་ནས་ལས་འགུལ་འདི་ལྟ་བུ་སྤེལ་ཐུབ་པ་ཞིག་ཡིན་པ་དང་། དེ་ནི་བོད་ཀྱི་རྩ་དོན་ལ་ཕན་རླབས་ཧ་ཅང་ཆེ་བའི་གལ་གནད་ཅན་ཞིག་ཆགས་ཡོད་སྐོར་སོགས་བརྗོད་སོང་།
རྒྱལ་ཡོངས་གཞུང་མང་ལས་འགུལ་གྱི་འབོད་སྒྲ་གསུམ་ནི། རྒྱ་གར་མི་མང་གིས་གྲོས་ཚོགས་འཐུས་མིར་བོད་ཀྱི་གནད་དོན་གྲོས་ཚོགས་ནང་གླེང་སློང་གནང་རྒྱུར་ཤུགས་སྣོན་རྒྱག་རོགས། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་ཀྱིས་བོད་དེ་འདས་པའི་ལོ་རྒྱུས་ནང་བོད་རང་བཙན་རྒྱལ་ཁབ་ཅིག་དང་། ད་ལྟ་བཙན་འོག་ལ་ཡོད་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གྱིས་རྒྱབ་སྐྱོར་གནང་རོགས། ཧིན་བོད་མི་མང་ནས་རྒྱ་དམར་གྱི་ཅ་དངོས་ཉོ་ཚོང་སྤྱོད་གསུམ་བྱ་རྒྱུ་མཚམས་འཇོག་གནང་རོགས་བཅས་རེད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།