གཞོན་ལྷན་གྱི་ཞུ་གཏུག་ལས་འགུལ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༦པའི་ཉིན་བཞི་པར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྣེ་ཁྲིད་འོག ས་གནས་གཞོན་ལྷན་གྱི་སྐུ་ཚབ་ཁག་ཆ་འགོས་ཀྱིས་བོད་དོན་ཞུ་གཏུག་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༧ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ པའི་ཚོགས་བཅར་བ་རྣམས་རུ་ཁག་བདུན་ལ་ཆ་འགོས་བྱས་ཏེ། རྒྱ་གར་ནང་སྲིད་མངའ་སྡེའི་བློན་ཆེན་སྐུ་ཞབས་ Shri Kirren Rijiju། ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Shanta Kumar། སྦི་ཧར་ནས་ཡིན་པའི་གྲོས་ཚོགས་འཐུས་མི་ Dr. Arun Kumar དེ་བཞིན་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་གཞུང་ཚབ་ཀྱི་ཆབ་སྲིད་སྡེ་ཚན་གྱི་འགན་འཁུར་བ་ལྕམ་ Dr. Anne Vaugier Chatterjee དང་། ཨ་རིའི་གཞུང་ཚབ་ཆབ་སྲིད་སྡེ་ཚན་གྱི་ Global Unit Chief Mr. Anthony Eterno དང་། Miss Michelle Janson དེ་བཞིན་ཉི་ཧོང་དོན་གཅོད་ཀྱི་སྐུ་ཚབ། ཇར་མི་ནི་དོན་གཅོད་ཀྱི་སྐུ་ཚབ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དོན་གཅོད་ལས་རོགས་བཅས་དང་མཇལ་འཕྲད་ཀྱིས་སྤུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་གཞུང་གི་བཙོན་ཁང་ནང་འདས་གྲོངས་སུ་སོང་བའི་རྒྱུ་རྐྱེན་ལ་དྲང་བདེན་གྱི་ཐག་གཅོད་ཡོང་ཐབས་ལ་རྒྱབ་སྐྱོར་གནང་དགོ་པའི་འབོད་སྐུལ་ཞུ་སྙན་ཞིག་ཕུལ་ཡོད་པ་མ་ཟད། སྐབས་འདིའི་ཞུ་གཏུག་གནང་མཁན་ཚོར་འབྲེལ་ཡོད་གཞུང་ཚབ་ལས་སྣེ་ཚོས་སྣེ་ལེན་གང་ལེགས་གནང་བ་དང་། བོད་དོན་སྐོར་ལ་འགྲེལ་བརྗོད་བྱ་རྒྱུའི་གོ་སྐབས་དུས་ཡུན་ཚོུད་གཅིག་དང་ཕྱེད་ཙམ་གནང་ཡོད་པ་རེད། བོད་ཀྱི་ད་ལྟའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འཁོར་ཡུག་གི་གནས་བབ། དེ་བཞིན་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས། ཁོང་གི་སྲིང་མོ་གཉིས་འཇུ་བཟུང་གིས་གར་སོང་ཆ་མེད་དུ་འགྱུར་བའི་གནད་དོན་ཐོག་འགྲེལ་བརྗོད་ཞིབ་འཕྲ་བྱས་ཡོད་པ་རེད། དེ་བཞིན་རང་ལུས་མེར་སྲེག་གནད་དོན་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་གཞུང་གི་བཙོན་ཁང་ནང་འདས་གྲོངས་སུ་སོང་བའི་རྒྱུ་རྐྱེན་ལ་དྲང་བདེན་གྱི་ཐག་གཅོད་ཡོང་ཐབས་ལ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ནན་ཞུ་བྱས་ཡོད་འདུག།
གཞན་ཡང་གཞུང་ཚབ་ཀྱི་སྐུ་ཚབ་དང་མཇལ་འཕྲད་གནང་སྐབས་༸གོང་ས་མཆོག་ཕྱིའི་རྒྱལ་ཁབ་ཁག་ལ་ཆིབས་བསྒྱུར་གནང་སྐབས་དོལ་རྒྱལ་རྗེས་འབྲང་པ་ཉུང་ཤས་ཤིག་གིས་རྒྱ་གཞུང་དང་ངན་འབྲེལ་གྱིས་༸གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་དང་སྐུ་ཕྱྭར་བདོ་བའི་ལས་ངན་རྩོམ་སྲིད་པར། འབྲེལ་ཡོད་རྒྱལ་ཁབ་ཁག་གིས་༸གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་སྔར་ལྷག་འགན་འཁུར་གནང་དགོས་པ་སོགས་ཀྱི་འབོད་སྐུལ་ཡང་ཞུས་པ་དང། ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་ད་ལྟའི་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Shanta Kumar དང་མཇལ་འཕྲད་སྐབས་དཔལ་རྒྱལ་དབང་ཀརྨ་པའི་ གནས་བབ་ལ་དམིགས་བསལ་གཟིགས་རྟོགས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
