གཞོན་ལྷན་གྱི་རྒྱུན་ལས་གསར་འདེམས་དང་ཚོགས་ཆེན་མཇུག་བསྡོམས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༩ པ་དེ་དྷ་ཤོད་བོད་ཁྱིམ་གྱི་ཚོགས་ཁང་དུ་ཉིན་གྲངས་བདུན་རིང་འཚོགས་པ་དང་། ཉིན་མཐའ་མར་མ་འོངས་ལས་དོན་བྱེད་ཕྱོགས་སྐོར་ལ་གྲོས་ཆོད་ཁག་ཅིག་བཞག་པ་དང་། སྐབས་བཅུ་དགུ་པའི་རྒྱུན་ལས་གསར་འདེམས་བྱས་སོང་།
རྒྱུན་ལས་བདུན་འོས་འདེམས་བྱས་རྗེས། རྒྱུན་ལས་རྣམས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་བཅས་ཀྱི་འོས་མི་བཀྲམ་པ་དང་། ཚོགས་ཞུགས་པས་འོས་འཕངས་ཏེ། དབུས་རྒྱུན་ཟུང་དྲུང་ཚེ་རིང་ཆོས་འཕེལ་ལ་འོས་གྲངས་༧༠ ཐོབ་ནས་སྐབས་བཅུ་དགུ་པའི་དབུས་རྒྱུན་གྱི་ཚོགས་གཙོ་ལ་འདེམས་ཐོན་དང་། དབུས་རྒྱུན་ཚོགས་གཞོན་བཀྲ་ཤིས་རྟགས་བརྒྱད་ལ་འོས་གྲངས་༧༤ ཐོབ་སྟེ་སླར་ཡང་དབུས་གཞོན་ལྷན་གྱི་ཚོགས་གཞོན་དུ་འདེམས་ཐོན་བྱུང་སོང་། དེ་བཞིན་དབུས་ལས་བྱེད་བསྟན་འཛིན་བློ་བཟང་ལ་འོས་གྲངས་༥༥ ཐོབ་ནས་སྤྱི་ཁྱབ་དྲུང་ཆེ་ལ་འདེམས་ཐོན་བྱུང་སོང་། གཞན་ཡང་དབུས་ལས་བྱེད་མཚམས་གཅོད་དང་སྤོན་ཊ་ས་གཞོན་ཚོགས་གཙོ་ངག་དབང་དཔལ་འབྱོར། ཝར་ཎ་ས་གནས་ཚོགས་ཟུར་ཐུབ་བསྟན་ཚེ་རིང་བཅས་དབུས་རྒྱུན་དུ་འདེམས་ཐོན་བྱུང་སོང་།

པར། བོད་ཀྱི་བང་ཆེན།

བོད་རྒྱལ་ལོ་༢༡༥༢ ཕྱི་ལོ་༢༠༢༥ ཟླ་བ་༩ ཚེས་༢༩ ནས་ཟླ་བ་༡༠ ཚེས་༥ བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༩ པ་དེ་བཞུགས་སྒར་རྡ་ཤོད་བོད་ཁྱིམ་ཚོགས་ཁང་དུ་སྐོང་འཚོགས་ཞུས་ཏེ་གྲོས་ཆོད་གཏན་འབེབས་བྱུང་བ་ཁག་གཤམ་གསལ།
གྲོས་གཞི་དོན་ཚན་དང་པོ། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དང་། ས་གནས་རྒྱུན་ལས་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་གནང་རྒྱུ།
གྲོས་ཆོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་། ས་གནས་གཞོན་ནུ་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་འཐུས་གཙང་ཟིན།
གྲོས་གཞི་དོན་ཚན་གཉིས་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་ཆོད་ཁག་ལ་ཞིབ་བཤེར་དང་འབྲེལ། ཕྱག་ལེན་འཁེལ་བསྡད་མཇུག་སྐྱོང་ཇི་དགེའི་སྐོར།
གྲོས་ཆོད།
ཚོགས་ཆེན་སྐབས་བཅོ་ལྔ་པའི་གྲོས་གཞི་དོན་ཚན་བཞི་པ་ཁ་པའི་གྲོས་ཆོད་དང་པོ་དང་། ཚོགས་ཆེན་སྐབས་བཅུ་བདུན་པའི་གྲོས་གཞི་དོན་ཚན་གསུམ་པ་ཁ་པའི་གྲོས་ཆོད་དང་པོ། ཚོགས་ཆེན་སྐབས་བཅོ་བརྒྱད་པའི་གྲོས་གཞི་དོན་ཚན་བཞི་པ་ཁ་པའི་གྲོས་ཆོད་དང་པོ། གྲོས་གཞི་དོན་ཚན་ལྔ་པའི་གྲོས་ཆོད་གསུམ་པ་བཅས་མཇུག་སྐྱོང་ཞུ་རྒྱུ།
གྲོས་གཞི་དོན་ཚན་གསུམ་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་དང་སྐུ་ཕྱྭའི་སྐོར།
ཀ༽ རང་ཅག་བོད་འབངས་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས། འཛམ་གླིང་ཞི་བདེའི་དེད་དཔོན། འདི་ཕྱི་གཉིས་ཀྱི་སྐྱབས་གནས་མཚུངས་ཟླ་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པར་གཞོན་ལྷན་ནས་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ འདི་ལོར་༸མགོན་པོ་གང་ཉིད་མཆོག་ནས་༸སྐུའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་གལ་ཆེའིི་གསལ་བསྒྲགས་བཀའ་དྲིན་བསྐྱངས་གནང་མཛད་པར་གཞོན་ལྷན་གྱི་ཚོགས་ཆེན་ཐེངས་༡༩ པའི་ཚོགས་ཐོག་ནས་ཐུགས་རྗེ་ཆེ་ཞུའི་ཞུ་སྙན་འབུལ་རྒྱུ་དང་། རྒྱ་དམར་སྲིད་གཞུང་ལའང་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་ཐེ་ཇུས་བྱེད་དབང་གང་ཡང་མེད་པའི་བསྒྲགས་གཏམ་ཞིག་སྤེལ་རྒྱུ།
༢༽ གཞོན་ལྷན་དབུས་ས་གཉིས་ནས་སློབ་གྲྭ་ཁག་དང་མི་མང་ནང་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་མཛད་འཕྲིན་ངོ་སྤྲོད་ཞུ་རྒྱུ་དང་། ༸རྒྱལ་བའི་མཛད་རྣམ་<<བོད་དང་བོད་མིའི་མགྲིན་ཚབ>>ཅེས་པའི་ཕྱག་དེབ་ཐད་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ།
༣༽ འདི་ལོ་བྱམས་བརྩེའི་ལོ་དང་འབྲེལ་ནས་༸སྐུའི་བླ་གཟའ་རེས་གཟའ་ལྷག་པ་ནམ་ཡིན་ལ་༸སྐུའི་མཛད་འཕྲིན་དང་བཀའ་སློབ་སྙིང་བསྡུས་ཁག་ཟུར་འདོན་གྱིས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་གང་མང་གནང་རྒྱུ་དང་། གཞོན་ལྷན་དབུས་སའི་རྒྱུན་ལས་ཚོགས་མི་ཡོངས་ནས་ཕྱི་ནང་གི་མང་ཚོགས་ལ་ངོ་སྤྲོད་རྒྱ་གང་ཆེ་ཞུ་རྒྱུ།
ཁ༽ བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ནི་བོད་ཀྱི་ནུས་སྟོབས་དང་བདེ་སྐྱིད་ཀྱི་གཞི་རྩ་དམ་པར་སོང་། གཞོན་ལྷན་ནས་དེ་འབྲེལ་ལས་དོན་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ ༸གོང་ས་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་སླད་ད་བར་རྒྱ་གར་དབུས་སའི་གཞུང་དང་། དཔལ་ལྡན་དགའ་ལྡན་ཕོ་བྲང་། རང་གཞུང་བདེ་སྲུང་ལས་ཁུངས་བཅས་ནས་ཉིན་མཚན་ལྟོས་མེད་ཀྱིས་དམ་དོན་ཡིད་གཟབ་ལྷོད་མེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླད་མ་འོངས་པར་ཡང་༸རྒྱལ་བའི་སྐུ་ཕྱྭའི་སླད་དམ་དོན་ཡིད་གཟབ་སྔར་ལྷག་ཤུགས་སྣོན་རྒྱག་རྒྱུར་ཚོགས་ཆེན་འདིའི་ཐོག་ནས་འབོད་སྐུལ་ཞུ་སྙན་འབུལ་རྒྱུ།
༢༽ ༸མགོན་པོ་གང་ཉིད་༸སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་ཆེད་བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་ཡོང་རྒྱུར་གཞོན་ལྷན་ནས་འབོད་སྐུལ་ཞུ་རྒྱུ་དང་། ༸གང་ཉིད་མཆོག་ལ་མཚན་སྨད་དང་དགོངས་གཞིར་ལོག་འགྲེལ་བྱེད་མཁན་སྐྱ་སེར་ཕོ་མོ་རྒན་གཞོན་དང་། ཕྱི་ནང་གི་སྤྱི་སྒེར་མཐོ་དམན་བྱུང་རིགས་ལ་གཞོན་ལྷན་དབུས་ས་གཉིས་ནས་དུས་ཐོག་ཏུ་ངོ་རྒོལ་བསྒྲགས་གཏམ་ནན་པོ་སྤེལ་རྒྱུ།
༣༽ འདི་ལོར་༸མགོན་པོ་༸གང་ཉིད་མཆོག་དགུང་གྲངས་༩༠ བདག་གིར་བཞེས་པ་དང་བསྟུན་གཞོན་ལྷན་དབུས་ས་གཉིས་ནས་དད་དམ་གཙང་མའི་ཐོག་༸རྒྱལ་བའི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་རྒྱ་གང་ཆེ་གནང་རྒྱུ།
གྲོས་གཞི་དོན་ཚན་བཞི་པ། ༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་གཞི་ལམ་སྟོན་ལྟར་བོད་ཀྱི་ངོ་བོ་མཚོན་པའི་རྩ་ཆེའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་སླད། གཞོན་ལྷན་གྱིས་ལས་དོན་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ བོད་ནང་རྒྱ་གཞུང་གི་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་འོག་བོད་ཀྱི་སྐད་ཡིག་གཙོས་ཆོས་དང་རིག་གཞུང་གི་གནས་བབ་ཧ་ཅང་ཛ་དྲག་ཏུ་འགྱུར་བཞིན་པར་བརྟེན་གཞོན་ལྷན་དབུས་ས་གཉིས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཛ་དྲག་གི་གོ་རྟོག་ལས་འགུལ་སྤེལ་རྒྱུ་དང་། ཤེས་ཡོན་ལྟེ་གནས་ཁང་ཁག་ནས་དམིགས་བསལ་འགན་རྐང་བཞེས་ཀྱིས་ཤུགས་སྣོན་སྔར་ལྷག་སྐྱོན་རྒྱུར་འབོད་སྐུལ་ཞུ་རྒྱུ།
༢༽ གཞོན་ལྷན་དབུས་ས་གཉིས་ནས་བོད་པའི་སློབ་གྲྭ་ཁག་ནང་མཁན་བླ་དགེ་བའི་བཤེས་གཉེན་དང་། མཁས་དབང་སོགས་གནད་ཡོད་མི་སྣ་གདན་ཞུས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ཀྱི་གལ་ཆེའི་རང་བཞིན་དང་མི་ཉམས་རྒྱུན་འཛིན་དགོས་གལ་གྱི་གཏམ་བཤད་གོ་རྟོག་གང་མང་གོ་སྒྲིག་ཞུ་རྒྱུ།
༣༽ བོད་མིའི་ངོ་བོ་སྲུང་སྐྱོབ་དང་སྐད་ཡིག་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་ཡོང་སླད་མཐོ་སློབ་དང་བོད་མི་གནས་སྡོད་ཁག་ནང་བོད་ཀྱི་སྐད་ཡིག་གི་ཐོག་ནས་འདྲི་རྩད་དང་གླུ་གཞས། རྩོམ་ཡིག་དང་སྙན་ངག་གྱེར་འདོན་སོགས་ཀྱི་འགྲན་བསྡུར་སྣ་མང་གོ་སྒྲིག་གནང་དགོས་རྒྱུ།
གྲོས་གཞི་དོན་ཚན་ལྔ་པ།
ཀ༽ གཞོན་ལྷན་གྱི་དམིགས་ཡུལ་བོད་རང་བཙན་སླར་གསོ་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་དང་། རང་བཙན་འཐབ་རྩོད་རྒྱུན་ཁྱོངས་ཡོང་སླད་གཞོན་ལྷན་ནས་ལས་འགུལ་བརྩམ་ཕྱོགས།
གྲོས་ཆོད།
༡༽ དབུས་གཞོན་ལྷན་གྱི་འགན་འཁུར་འོག་བོོད་རང་བཙན་ཚོགས་ཆེན་སྐོང་འཚོགས་ཞུ་རྒྱུ་དང་། རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་ཁྲོད་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་མཉམ་འབྲེལ་ཐོག་གོ་སྐབས་དམ་འཛིན་གྱིས་རང་བཙན་གྱི་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ།
༢༽ གཞོན་ལྷན་དབུས་ས་གཉིས་ནས་རྒྱ་གར་གཙོས་རྒྱལ་སྤྱིའི་ནང་བོད་རང་བཙན་གྱི་ཞུ་གཏུགས་ལས་འགུལ་གང་མང་སྤེལ་རྒྱུ་དང་། སྤྱི་ཚོགས་དྲྭ་རྒྱ་བརྒྱུད་མང་ཚོགས་ལ་བོད་རང་བཙན་གྱི་བདེན་དཔང་ལོ་རྒྱུས་ངོ་སྤྲོད་ཤུགས་ཆེར་ཞུ་རྒྱུ།
༣༽ གཞོན་ལྷན་དབུས་ས་གཉིས་ནས་བོད་རང་བཙན་གྱི་དགོས་འདུན་ཐོག་གཞི་རྒྱ་ཆེ་བའི་ཆབ་སྲིད་ལས་འགུལ་སྣ་མང་སྤེལ་རྒྱུ།
ཁ༽ དགྲ་བོ་རྒྱ་དམར་གྱི་བཙན་གནོན་འོག་ལོ་ངོ་ཧྲིལ་པོ་༣༠ ཙམ་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་ྋཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་ཡོང་ཆེད་དང༌། ཁོང་རྣམ་པའི་མངོན་འདོད་སྒྲུབ་ཐབས་གཞོན་ལྷན་ནས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ རྒྱ་དམར་སྲིད་གཞུང་གི་འཛིན་བཟུང་འོག་གནས་པའི་༸ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གཙོས་ཉེས་མེད་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་མགྱོགས་མྱུར་གློད་བཀྲོལ་ཡོང་སླད། མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པ་གཙོས་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་ཞུ་གཏུགས་ལས་འགུལ་ཤུགས་ཆེར་སྤེལ་རྒྱུ།
༢༽ གཞོན་ལྷན་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་གདན་ཞུས་ཀྱིས་སློབ་གྲྭ་ཁག་དང་མི་མང་ནང་བོད་ནང་རྒྱ་གཞུང་གི་བཙན་གནོན་འོག་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་ཚོའི་ཡ་ང་བའི་གནས་བབས་དང་ཁོང་རྣམ་པའི་རྒྱལ་ཞེན་སྙིང་སྟོབས་སོགས་ངོ་སྤྲོད་ཀྱིས་རང་རེའི་གཞོན་སྐྱེས་རྣམས་ལ་རྒྱལ་ཞེན་དང་འཐབ་རྩོད་ཀྱི་བསམ་བློའི་ནུས་སྟོབས་གོང་མཐོར་གཏོང་རྒྱུ།
༣༽ རང་རེའི་བོད་མི་རྣམས་ནས་ད་བར་༸ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་དང་འཛིན་བཟུང་ཉིན་མོ་སྲུང་བརྩི་བྱེད་མུས་ཡིན་ནའང་། ད་ཆ་གང་ཉིད་མཆོག་༸སྐུ་འཚོ་བཞུགས་ཀྱི་གནས་བབས་གསལ་ཁ་མེད་པས་གཞོན་ལྷན་དབུས་ས་གཉིས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཁྲིམས་གཏུགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ།
༤༽ ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩིའི་སྐབས་གཞོན་ལྷན་དབུས་ས་གཉིས་ནས་༸སྐུ་གོང་མའི་མཛད་རྗེས་ངོ་སྤྲོད་གནང་རྒྱུ་དང་། དེ་འབྲེལ་གྱི་མཁས་པའི་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ།
གྲོས་གཞི་དོན་ཚན་དྲུག་པ། བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ གཞོན་ལྷན་ནས་བོད་ནང་ཛ་དྲག་གི་ཆབ་སྲིད་གནས་སྟངས་ཐད་རྒྱུན་དུ་དོ་སྣང་ཆེར་བྱས་ཐོག་ཛ་དྲག་གི་གནས་ཚུལ་ནམ་བྱུང་ལ་འཕྲལ་མར་རྒྱལ་སྤྱིའི་གྲགས་ཅན་གསར་ཁང་ཁག་ལ་གནས་ཚུལ་མཁོ་སྤྲོད་ཞུས་ཏེ་དུས་ཐོག་དེ་འབྲེལ་གསར་འགོད་བསྒྲགས་གཏམ་དང་། རྒྱ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུ།
༢༽ རྒྱ་གཞུང་གིས་བོད་དང་བོད་མིའི་ངོ་བོ་དང་། སྐད་ཡིག་རིག་གཞུང་དང་བཅས་པ་རྩ་མེད་བཟོ་རྒྱུར་དམིགས་ཏེ་མི་རིགས་མཐུན་སྒྲིལ་དགོས་གལ་ཁ་ལ་ཁྱེར་ནས། རྒྱ་སྐད་ཁོ་ན་སྤྱོད་དགོས་པའི་ཁྲིམས་འཆར་ངན་པ་ཞིག་བཙན་དབང་གིས་ལག་བསྟར་བྱེད་འཆར་ཡོད་པ་དེར་ཚོགས་ཆེན་འདིའི་ཐོག་ནས་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་རྒྱུ།
༣༽ གཞོན་ལྷན་ནས་བོད་ནང་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ་རྒྱ་གར་དང་ཨ་རི། ཡུ་རོབ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་གཞི་རྒྱ་ཆེ་བའི་ཆབ་སྲིད་ལས་འགུལ་སྤེལ་རྒྱུ།
གྲོས་གཞི་དོན་ཚན་བདུན་པ། གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་སྐོར།
ཀ༽ སྒྲིག་འཛུགས་ཀྱི་ལངས་ཕྱོགས་སྲ་བརྟན་དང་དབུས་སའི་འབྲེལ་ལམ་གོང་འཕེལ་གཏོང་ཐབས་ཇི་དགེའི་སྐོར།
གྲོས་ཆོད། ༡༽ གཞོན་ལྷན་དབུས་སའི་འབྲེལ་ལམ་དམ་ཟབ་ཡོང་སླད། དབུས་གཞོན་ལྷན་ནས་ལས་ཡུན་སྐབས་ས་གནས་གཞོན་ལྷན་ཁག་ཏུ་ཐེངས་གཅིག་ངེས་པར་འཚམས་གཟིགས་དགོས་རྒྱུ་དང་། དབུས་ས་གཉིས་ནས་འབྲེལ་ལམ་སྔར་ལྷག་ཚགས་ཚུད་ཡོང་ཆེད་དུས་འཚམས་ཀྱི་དྲྭ་ཐོག་ཚོགས་འདུ་གོ་སྒྲིག་དང་ས་གནས་གཞོན་ལྷན་ཕན་ཚུན་འབྲེལ་ལམ་དམ་ཟབ་གནང་རྒྱུ།
༢༽ གཞོན་ལྷན་ཚོགས་མི་སུ་རུང་ཞིག་ལ་རྒྱབ་གཉེར་ཡི་གེ་དགོས་རིགས་རྣམས་ངེས་པར་ས་གནས་སོ་སོའི་ཚོགས་མི་དང་ལས་འགུལ་ནང་མཉམ་ཞུགས་བྱས་ཏེ་ཉུང་མཐར་ལོ་གཅིག་ཟིན་པ་ཞིག་ཡོད་ན་དེ་ལྟར་འབུལ་རྒྱུ།
༣༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཁྱབ་ཁོངས་ས་གནས་ཁག་གི་ཚོགས་མིའི་ཚོགས་དངུལ་དང་འབུལ་འབབ། ཟས་བཅད་དོད་རྣམས་ད་ཡོད་ཀྱི་ཉིས་ལྡབ་སྤར་ཆ་གནང་རྒྱུ།
༤༽ དབུས་གཞོན་ལྷན་གྱི་ངོས་ནས་ལོ་ལྟར་བོད་པའི་སློབ་གཉེར་བ་ཡོད་རིགས་རྒྱ་གར་གྱི་མཐོ་སློབ་ཁག་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་གཞོན་སྐྱེས་རྣམས་ལ་གཞོན་ལྷན་སྒྲིག་འཛུགས་ངོ་སྤྲོད་དང་ལས་འགུལ་སྤེལ་ཕྱོགས་ཀྱི་འཐབ་བྱུས་ཐོག་སྦྱོང་བརྡར་གོ་སྒྲིག་གནང་རྒྱུ།
ཁ༽ སྒྲིག་གཞི་བསྐྱར་བཅོས། སྒྲིག་གཞི་ལེ་ཚན་བརྒྱད་པའི་ནང་གསེས་བདུན་པའི་སྐོར།
འཆར་འཕར་ཚོགས་ཆེན་དང་། འགན་འཛིན་ལྷན་ཚོགས་ཚུགས་ཚེས་གཏན་འབེབས་ཀྱིས་བསྡུ་བསྐོང་བྱ་རྒྱུ། དམིགས་བསལ་གྱིས་སྔ་སྣུར་ཕྱི་འགྱངས་བྱ་དགོས་རིགས་ཕུད་རྒྱུན་ལྡན་གྱི་ཚོགས་ཆེན་དང་། འགན་འཛིན་ལྷན་ཚོགས་ཕྱི་ཟླ་༦ པའི་ནང་ཚེས་གང་འགབ་ཅིག་ལ་བསྡུ་སྐོང་བྱ་རྒྱུ།
གྲོས་གཞི་དོན་ཚན་བརྒྱད་པ། སྤྱི་སྨན་དགོངས་འཆར།
༡༽ བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་སྒེར་གྱི་ཆབ་སྲིད་ཀྱི་འཁྲུག་ཆ་ཆེ་བའི་དུས་སྐབས་སུ་གཞོན་ལྷན་དབུས་ས་གཉིས་ནས་གཞོན་ལྷན་གྱི་སྒྲིག་གཞི་དང་དམིགས་ཡུལ་གཞིར་བཟུང་རང་ཚུགས་བརྟན་པོར་གནས་དགོས་རྒྱུ་དང་། དབུས་སའི་ཚོགས་མི་ཡོངས་ནས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་འབད་པ་སྔར་ལྷག་གནང་རྒྱུ།
༢༽ གཞོན་ལྷན་གྱི་ཚོགས་ཆེན་དང་འགན་ལྷན་སྐབས་ས་གནས་གཞོན་ལྷན་ཁག་གི་ལས་བསྡོམས་དང་རྩིས་ཁྲ་ངེས་པར་ཡིག་ཐོག་ཏུ་མཉམ་འཁྱེར་དགོས་རྒྱུ་དང་རྒྱུ་རྐྱེན་འདྲ་མིན་འོག་ཚོགས་བཅར་མ་ཐུབ་ཚེ་གྲོས་གཞི་ཁག་ལ་ས་གནས་སོ་སོའི་དགོངས་འཆར་དང་། གཞོན་ལྷན་གྱི་འབུལ་འབབ་རྣམས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ངེས་འབུལ་གནང་དགོས་རྒྱུ་བཅས།།

གསར་འགོད་པ། བློ་བཟང་རྒྱ་མཚོ།